དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གོས་དར་ཞིག་གི་མི་སེམས་དྲོ་བའི་གཏམ་རྒྱུད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-10

    ཉིན་ཤས་གོང་། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ“ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་ཞུས་ནས་དམངས་ཀྱི་སེམས་ཁྲལ་སེལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་འཁོད་པའི་གོས་དར་ཞིག་འབྱོར་བ་དེ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་རིན་ཐོར་ཤང་ཁང་དམར་གྲོང་ཚོའི་ཚོགས་ཆུང་གཉིས་པའི་མང་ཚོགས་ཀྱིས་ཕུལ་བ་ཞིག་རེད།

    དུས་ཡུན་རིང་པོའི་ནང་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་མཐའ་མཚམས་ཞིབ་བཤེར་གྱི་འགན་འཁྲི་གཙོ་བོར་གཞི་ཚུགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་བརྩིས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ“འགལ་ཟླ་དང་ཉེན་ཁ་སེལ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་དང་། དེ་བཞིན“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”དང“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་བརྒྱར་སྐྱོད་པ”སོགས་ཀྱི་བྱེད་སྒོར་དམིགས་ནས། ཁྱིམ་ཚང་དུ་བསྐྱོད་ནས་བཅར་འདྲི་དང་འཚམས་འདྲི་དང་། སྙིང་གཏམ་ཤོད་རེས། བསམ་འཆར་བསྡུ་ལེན། འགལ་ཟླ་གྲལ་བཤེར་ཐག་གཅོད་སོགས་བྱེད་པའི་ཐབས་ལམ་སྤྱད་དེ་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། འཚོ་བའི་དགོས་མཁོ། དངོས་ཡོད་དཀའ་ངལ་བཅས་ཕྱོགས་ཡོངས་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ་གནས་གཏན་འཁེལ་གྱི་རོགས་སྐྱོར་ལམ་སྲོལ་བཙུགས་ནས་ཉེན་ཁ་སེལ་བའི་ཐབས་ལམ་ཤར་གཏོང་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱས་པ་དང་སྦྲགས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་སེལ་རོགས་བྱེད་ཀྱི་ཡོད།

    དམངས་ཕན་ཆུ་ལེན་ས་དང་། མྱུར་སྐྱེལ་ས་ཚིགས། འཁྲུད་ཁང་། སྤྲིན་ཚོམ་གློག་བརྙན་ཁང་། སྐྲ་ཁང་། ལུས་སྦྱོང་ཁང་། ལན་ཆིའུ་སྤོ་ལོ་ཐང་། རོལ་རྩེད་ཁང་། སྤྲིན་ཚོམ་དེབ་ཁང་། རླངས་འཁོར་འཁྲུ་ས་སོགས་དམངས་ཕན་ཞབས་ཞུའི་སྒྲིག་བཀོད་རབ་དང་རིམ་པ་མུ་མཐུད་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་སྟེ་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་རིན་མེད་ངང་འཚོ་བའི་ཐད་ཞབས་འདེགས་ཞུས་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།

    ཁྱིམ་དུ་འོས་འགན་སྨན་བཅོས་བྱེད་པ་དང་། བཅའ་ཁྲིམས་བློ་འདྲི་དང་ལེན། རྒྱལ་མཚམས་འཛུལ་སྒྲོལ་གྱི་སྲིད་ཇུས་གསལ་འགྲེལ། སྦྱོང་ཚན་པར་འདེབས། ལག་ཁྱེར་པར་ལེན་སོགས་དམངས་ཕན་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ། ཉེན་རྟོག་པ་དང་དམངས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་དང་། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རྣམ་པ་ཟབ་མོ་ཧུར་ཐག་བསྐྲུན་ནས་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་འགག་སྒོའི་མཐའ་མཚམས་དར་རྒྱས་གོང་འཕེལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་རེད།

    གོས་དར་གཅིག་ནི་ཁས་ལེན་བྱས་པ་ཞིག་ཡིན་ལ་སྐུལ་ལྕག་བྱས་པ་ཞིག་དེ་བས་ཀྱང་ཡིན། ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་དེ་ནི་སྒུལ་ཤུགས་སུ་བརྩིས་ནས་དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ། དེ་བས་ཧུར་བརྩོན་དང་རང་འགུལ་ངང་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་དང་། དོན་དངོས་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས་མཐའ་མཚམས་མང་ཚོགས་ཕྱུག་པོ་དང་། མཐའ་མཚམས་འགག་སྒོ་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་བཀོད་པ་བཟང་པོ་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།