དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོའི་དགུན་ཁ་དྲོ་སོབ་སོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-10

    ས་བབ་སྨི་4700ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་ཟླ་བ་བཅུ་པར་གྲང་ངར་ལྷག་པར་ཆེ་ཞིང་ཁང་པའི་ཕྱིར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10བར་ཆག་ཡོད་པ་རེད།

    མཚོ་ཆེན་གྲོང་རྡལ་བཀྲ་རི་གནམ་མཚོ་གྲོང་ལྷན་གྱི་གྲོང་མི་རྒྱལ་མཚན་གྱི་ཁྱིམ་དུ་དྲོད་རླངས་སྒྲིག་ཆས་ནས་དྲོད་བཏང་བར་བརྟེན་ཁང་པའི་ནང་དྲོ་སོབ་སོབ་ཡོད་ལ་ཇ་བསྲུབས་མའི་དྲི་ཞིམ་ཡང་འཐུལ་བཞིན་མཆིས། “སྔོན་ཆད་ང་ཚོ་ཁྱིམ་ཚང་ཚང་མས་རྡོ་སོལ་དང་ལྕི་བ་འབུད་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ཐབ་ཀྱི་མདུན་དུ་མི་གཅིག་གིས་རྦད་དེ་ལྟ་སྐྱོང་བྱས་ནས་སྡོད་དགོས་པ་མ་ཟད། ད་དུང་དུ་བས་ཁང་པའི་གྱང་ཚང་མ་ནག་རྐྱང་བཟོ་གི་འདུག ཐབ་ཀྱི་འཁྲིས་སུ་བསྡད་ཚེ་དྲོ་སོབ་སོབ་ཡོད་རུང་ཐབ་ནས་བྲལ་ཚེ་གྲང་ཤུར་ཤུར་བྱེད་ཀྱི་ཡོད། ད་ཆ་དྲོད་རླངས་སྒྲིག་ཆས་ཡོད་པས་ཁང་པའི་ནང་དྲོ་སོབ་སོབ་ཡོད་པ་མ་ཟད་གཙང་མ་ཡང་འདུག”ཅེས་རྒྱལ་མཚན་གྱིས་བཤད།

    “དྲོད་རླངས་མཁོ་འདོན་ནི་ལས་བྱེད་པ་དང་མང་ཚོགས་ཚོར་ངེས་པར་མཁོ་བ་ཞིག་རེད”ཅེས་མཚོ་ཆེན་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཏོན་ཏུང་མིང་གིས་བཤད། མཚོ་ཆེན་རྫོང་ནི་ས་མཐོའི་གྲང་རྒྱུད་ཕལ་པའི་དུས་རླུང་གི་ཕྱེད་སྐམ་ཤས་ཆེ་བའི་གནམ་གཤིས་ཁུལ་དུ་གནས་པ་དང་། ལོ་ཧྲིལ་པོར་ཟླ་བ་བརྒྱད་རིང་ཐན་ཤས་གྲང་ངད་ཀྱི་གནམ་གཤིས་བསྟན་ནས་དྲོད་ཚད་དམའ་ཤོས་སུ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་35ཟིན་གྱི་ཡོད། དེ་སྔ་ཁྲོ་ཐབ་ཀྱི་ཆུ་ཚ་པོར་བརྟེན་ནས་དྲོད་གཏོང་བས་ཟད་གྲོན་ཆེ་བ་དང་འཁོར་སྐྱོད་མ་གནས་མཐོ་བ་མ་ཟད། དྲོད་ཀྱང་ཚ་པོ་གཏོང་མི་ཐུབ་པས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་བཅོ་བརྒྱད་དུ་སླེབས་ཁག་པོ་ཡོད།

    ཇི་ལྟར་བྱས་ནས་ས་གནས་དེ་གའི་བསྐྱར་སྐྱེས་ནུས་རྒྱུ་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་ཚོ་དགུན་ཁ་དྲོ་སོབ་སོབ་ཡོང་བའི་འགན་ལེན་བྱེད་དགོས་སམ། དྲིས་ལན་ནི་གཙོ་བོ་རྫོང་གྲོང་བྱང་ཤར་ཕྱོགས་ཀྱི་ཉི་འོད་ཁྲོད་དུ་བཀྲག་མདངས་འཚེར་བའི་འོད་ཤུགས་ཤེལ་ལེབ་6000ལ་བརྟེན་དགོས་ཀྱི་ཡོད།

    “ང་ཚོའི་ནུས་རྒྱུ་གཙང་མའི་དྲོད་གཏོང་མ་ལག་གིས་ཉི་ནུས་ཤེལ་ལེབ་ཀྱི་དྲོད་སྡུད་འཕྲུལ་ཆས་6000ལྷག་ཙམ་དང་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4ཡི་ཚ་གསོག་ཆུ་རྫིང་མཉམ་འགུལ་བྱས་ནས་ཉི་ནུས་དེ་ཚ་ནུས་སུ་གསོག་ཉར་བྱས་རྗེས། དྲོད་མཁོ་འདོན་བྱེད་ཀྱི་ཡོད”ཅེས་མཚོ་ཆེན་རྫོང་ཉི་ནུས་ཀྱི་ནུས་རྒྱུ་གཙང་མའི་ཚ་དྲོད་མཁོ་འདོན་ལག་རྩལ་གྱི་འགན་འཁུར་བ་ལི་ཧའོ་ཅུས་ཀྱིས་བཤད། ཁོང་གིས་ལག་རྩལ་མང་པོའི་འགན་ལེན་བརྒྱུད་ཚ་ཁུངས་བཟོ་གྲྭའི་ཆུ་གསོག་དྲོད་ཚད་ཧྲེ་ཧྲི་ཏུའུ་60ནས་ཧྲེ་ཧྲི་ཏུའུ་70བར་གྱི་བར་ཁོངས་སུ་རྒྱུན་འཁྱོངས་ཐུབ་པས་གནམ་ངན་བསྟན་རུང་མ་ལག་གིས་ཉུང་མཐར་ཡང་གཟའ་འཁོར་གཅིག་རིང་གི་ཚ་དྲོད་མཁོ་འདོན་ཐུབ་སྟེ་གྲོང་མིའི་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཙམ་ཟིན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

    བཀྲ་རི་གནམ་མཚོ་སྡེ་ཁུལ་གྱི་གྲོང་མི་ཆོས་སྒྲོན་གྱིས“ད་ཆ་ལྕི་བའི་བུད་ཤིང་ནས་དྲོ་ཇུས་བྱེད་པའི་ལོ་ཟླ་ཡོལ་ནས་ཉི་ནུས་དྲོད་རླངས་ཀྱིས་ཁྱིམ་ཚང་དེ་བས་སྐྱིད་སྣང་དོད་པོར་གྱུར་ཡོད། གཅེན་གཅུང་ཚོས་དྲོ་སོབ་སོབ་ཀྱི་ཁང་པའི་ནང་ལག་ཤེས་ཅ་ལག་བཟོ་ཞོར་དུའང་ཡོང་འབབ་གསོག་ཐུབ་ཀྱི་ཡོད། མཚན་མོ་རྒན་རྒོན་དང་ཕྲུ་གུ་ཚོས་ཉལ་གཟན་མཐུག་པོ་གྱོན་དགོས་ཀྱི་མེད”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

    “མཚོ་ཆེན་རྫོང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་ཚོད་ལྟའི་རྣམ་གྲངས་ནི་ཁེ་ལས་ཀྱིས་གྲངས་ཚང་ངང་མ་དངུལ་སྒོར་དུང་ཕྱུར་3.14བཏང་ནས་འཛུགས་སྐྲུན་གཉེར་སྐྱོང་བྱས་པ་ཞིག་རེད། རྣམ་གྲངས་དེ་2024ལོའི་ཟླ་4པར་ལས་འགོ་བཙུགས་པ་དང་། ལོ་དེའི་ཟླ་10པར་བསྐྲུན་ནས་སྤྱོད་འགོ་ཚུགས་པ། དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་28.6ཟིན་གྱི་ཡོད”ཏོན་ཏུང་མིང་གིས་རྣམ་གྲངས་སྤྱོད་འགོ་བཙུགས་ཚུན་ཐོག་མཐའ་བར་གསུམ་དུ་ནུས་ཆེའི་སྒོ་ནས་གཉེར་སྐྱོང་བརྟན་པོ་བྱས་ཏེ། རིག་ལྡན་ཚ་དྲོད་མཁོ་འདོན་དང་ལྟ་སྲུང་བྱེད་མཁན་དགོས་ཀྱི་མེད། སྲོལ་རྒྱུན་གྱི་དྲོད་རླངས་མཁོ་འདོན་བྱེད་སྟངས་དང་བསྡུར་ཚེ་ཉི་ནུས་ཀྱི་ནུས་རྒྱུ་གཙང་མའི་རིག་ལྡན་དྲོད་རླངས་མཁོ་འདོན་བྱས་པ་ལས་རྡོ་སོལ་འབུད་རྫས་ཀྱི་ནུས་གྲོན་ཆུང་དུ་ཕྱིན་པ་དང་ཐཱན་འབུད་ཚད་ཉུང་དུ་ཕྱིན་པ་མ་ཟད། དྲོད་རླངས་མཁོ་འདོན་གྱི་ནུས་ཕྱོད་དང་སྐྱིད་སྣང་དོད་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཏེ་མང་ཚོགས་ཚོས་ཚན་རྩལ་ལས་བྱུང་བའི་དྲོ་སྐྱིད་དང་ཕན་བདེ་དངོས་སུ་ཚོར་ཐུབ་པ་བྱུང་ཡོད་ཅེས་བཤད།

    ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ་དེའི་ཐོག་དྲོ་འཇམ་ཉི་འོད་ཀྱིས་ཁྱིམ་ཚང་ཚང་མར་དྲོ་སྐྱིད་སྦྱིན་བཞིན་ཡོད། ས་མཐོའི་དྲོ་སོབ་སོབ་ཀྱི་དགུན་ཁ་ནི་རང་བྱུང་ཁམས་ཀྱིས་སྦྱིན་པའི་ལག་རྟགས་ཙམ་མིན་པར། ནུས་རྒྱུ་གཙང་མ་གཙོ་བོར་བྱེད་པ་དང་ཚན་རྩལ་དང་མི་ཆོས་རིག་གནས་ཀྱིས་གཞོགས་འདེགས་སུ་བྱས་ནས་དྲོད་རླངས་མཁོ་འདོན་བྱས་པ་ལས་བྱུང་བ་ཞིག་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།