ད་ལོ་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་འཕར་ཚད་ཟླ་བ་དགུ་རྒྱུན་འཁྱོངས་ཐུབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་7ཉིན་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་37.31ཟིན་པ་དེ་དུས་མཚུངས་ལས་3.6%འཕར་བ་དང་འཕར་ཚད་གོང་གི་ཟླ་བ་དགུ་ལས་བརྒྱ་ཆའི་གྲངས་0.4དམའ་རུ་ཕྱིན་ཡོད། དེའི་ནང་ཟླ་བ་བཅུ་པ་ཁོ་ནའི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.7ཟིན་ནས་0.1%འཕར་བ་དང་། ཟླ་2པ་ནས་བསྟུད་མར་ཟླ་བ་དགུ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
འགག་སྒོ་སྤྱི་ཁྱབ་ཧྲུའུ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལུའེ་ཏ་ལེང་གིས། ད་ལོ་ནས་ཕྱི་ཕྱོགས་ཀྱི་རྡབ་རྡེག་ལ་ཁ་གཏད་གཅོག་སྐབས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱིས་ལྡེམ་ཤུགས་ཆེན་པོ་མངོན་པ་དང་། ཕྱིར་གཏོང་ནང་འདྲེན་རྒྱུན་མཐུད་བརྟན་པོ་འཕར་བས། གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་ཞེས་བརྗོད།
ཞིབ་ཕྲའི་ཆ་ནས་བལྟས་ན། ཕྱིར་གཏོང་གི་སྒུལ་ཤུགས་གསར་པ་འཕར་བའི་རྣམ་པ་ཡག་པོ་ཡོད་ཅིང་། ད་ལོའི་ཟླ་དང་པོ་ནས་བཅུ་པའི་རིང་། རང་རྒྱལ་གྱིས་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་22.12བྱས་པ་དེ་དུས་མཚུངས་ལས་6.2%འཕར་ཡོད། དེའི་ནང་འཕྲུལ་གློག་ཐོན་རྫས་ནི་རང་རྒྱལ་གྱི་ཕྱིར་གཏོང་གི་གཙོ་ཤུགས་ཡིན་པ་དང་དུས་མཚུངས་ལས་8.7%འཕར་ཡོད།
ཟླ་རེའི་ནང་འདྲེན་བརྟན་པོ་འཕར་ཞིང་། ཟླ་བ་བཅུ་པ་ཁོ་ནར་རང་རྒྱལ་གྱི་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.53ཟིན་པ་དེ་དུས་མཚུངས་ལས་1.4%འཕར་བ་དང་ཟླ་བ་ལྔ་བསྟུད་མར་འཕར་བ་དང་དུས་མཚུངས་རིམ་རྩིས་བརྒྱབ་ན་ནང་འདྲེན་འཕར་ཚད་བརྟན་པོའི་ངང་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཟླ་དང་པོ་ནས་བཅུ་པའི་བར་ནང་འདྲེན་སྒོར་དུང་ཕྱུར་ཁྲི་15.19ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་པ་རེད།
ཟླ་དང་པོ་ནས་བཅུ་པའི་བར། སྤྱིར་བཏང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་དུས་མཚུངས་ལས་2.3%འཕར་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་63.4%ཟིན་པ་དང་། ལས་སྣོན་ཚོང་དོན་དང་ཁྲལ་སྲུང་ཟོག་འགྲེམས་བྱེད་སྟངས་ལས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་6.5%དང་5.5%སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།