ཉེ་བའི་ལོ་ལྔའི་རིང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་བྱས་ན་6%ཡན་མཐོ་རུ་ཕྱིན་པ།
“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་སྲུང་བཅད་བརྟན་དུ་འདི་ལྟར་བཏང་བ་ཡིན།

ཨ་མྱེས་རྨ་ཆེན་གྱི་རི་བོ་གཙོ་བོ་སྟེ་རྨ་ཆེན་གངས་རིའི་ལྷོ་འདབས་ནས་འདམ་ར་སྲུང་སྐྱོང་དང་རྩྭ་ར་བཅོས་སྐྱོང་གི་ཕན་འབྲས་མངོན་བཞིན་པ།
གཙོ་དོན་ལྟ་ཀློག
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས་ཞེས་བཏོན་ཡོད།
མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་ས་གནས་དེ་གས་འཁྱགས་རོམ་སྲུང་སྐྱོང་དང་། ས་ནག་གྲམ་ཐང་བཅོས་སྐྱོང་། འདམ་ར་སླར་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཙང་གསུམ་ཆུ་འགོའི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་བྱས་ནས་གོ་ལ་ཧྲིལ་པོའི་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
གཙང་གསུམ་ཆུ་འགོའི་ས་ཁུལ་ལ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་ཅིང་། འཁྱགས་རོམ་ནི་གཙང་གསུམ་ཆུ་འགོའི་ཆུ་ཁུངས་གཙོ་བོ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་ཆུ་འགོ་གླིང་ཁུལ་གྱི་འཁྱགས་རོམ་ཚོམ་བུ་ཆེ་ཤོས་ཡིན་པའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རུ་འཕྲེད་བཅད་དུ་ཆགས་པའི་ཨ་མྱེས་རྨ་ཆེན་ལ་སྤྱི་ལེ་ངོས་གྲུ་120ལྷག་ཙམ་ཡོད་པའི་འཁྱགས་རོམ་ཆེན་པོ་ཞིག་ཡོད་པ་དེས། རྨ་ཆུའི་སྟོད་རྒྱུད་ལ་ཆུ་མཁོ་འདོན་བྱེད་ཚད་35%ཙམ་ཟིན་ནས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་བཅད་གལ་ཆེན་དུ་གྱུར་ཡོད།
ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་གི་ཆུ་རྩ་གསོ་འཁྱོངས་བྱེད་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། ཨ་མྱེས་རྨ་ཆེན་གྱི་སྐྱེ་ཁམས་བཅོས་སྐྱོང་དེ་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
འཁྱགས་རོམ་ལ་སྲུང་སྐྱོང་བྱས་པ།
འབུར་གཟུགས་ཀྱི་འཁྱགས་རོམ་ལྟ་ཞིབ་ཚད་ལེན་དང་མི་ཐབས་ཀྱི་ཆུ་སྣོན་དར་གསབ་སོགས་ཀྱི་བྱེད་ཐབས་སྤྱད་པ།
ས་གནས་དེ་གར་འཁྱགས་རོམ་ཞུ་བ་དང་འཁྱགས་པ་ཐེབས་པར་དུས་ཚོད་ཀྱི་མཚམས་ཚིགས་གཙོ་བོ་གཉིས་ཡོད་པ་སྟེ། ལོ་ལྟར་གྱི་ཟླ་5པ་དང་ཟླ་11པའི་སྔ་རྗེས་སུ་རེད། དེའང་མགོ་ལོག་ཀྲོའུ་རྨ་ཆེན་རྫོང་གངས་རི་ཤང་གི་འབྲོག་པའི་ལྟ་ཞིབ་ཚད་ལེན་རུ་ཁག་གིས་གངས་སྐོར་བརྒྱབ་ནས་ལྟ་ཞིབ་བྱེད་པའི་དུས་ཚོད་རེད།
2008ལོ་ནས་བཟུང་། ས་གནས་དེ་གའི་འབྲོག་པས་མ་སྐུལ་དང་བླངས་ངང་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་འཁྱགས་རོམ་དང་གངས་རིར་ལྟ་ཞིབ་ཚད་ལེན་བྱེད་པར་བསྐྱོད་ཅིང་། ལྟ་ཞིབ་ཚད་ལེན་རུ་ཁག་དེའི་འགོ་པ་ནི་འབྲོག་པ་དབང་འབུམ་རྒྱལ་རེད།
ས་བབ་སྨི་4500ལྷག་ཙམ་ཟིན་པའི་སར་གོམ་པ་གང་འཛེག་པར་ཡང་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། སྨུག་པས་བསྒྲིབས་པའི་ལ་བརྒྱབ་མཐར“གུར་སྟོང”ལྟ་ཞིབ་ཚད་ལེན་ས་ཚིགས་སུ་འབྱོར་ཞིང་། བཀྲག་རྩི་དམར་པོས་བྲིས་པའི་ཨང་ཀི་དེ་དག་ནི་ན་ནིང་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་རེད། མི་ཁ་ཤས་ཤིག་གིས་གཡས་གཞོགས་གཡོན་འདེགས་ཀྱིས་ཁྲེ་ཙེ་སྤྱད་ནས་འཁྱགས་རོམ་གྱི་མཐའ་མཚམས་དེ་ལོ་གོང་མའི་རྟགས་བརྒྱབ་ས་དང་བར་ཐག་ཏག་ཏག་ཡིན་་མིན་ཚད་འཇལ་བཞིན་ཡོད།
ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་ཀྱིས་མཉམ་དུ་གངས་རི་དེར་སྲུང་སྐྱོང་བྱེད་ཅིང་། རྨ་ཆེན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་གངས་རི་སྲུང་སྐྱོང་ས་ཚིགས་དེ། 2009ལོར་ཨ་མྱེས་རྨ་ཆེན་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནང་ཞུགས་པ་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་གི་ཧོ་ཞའོ་པོ་ཚོགས་པ་སོགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་ཡོད། ད་ཆ་སྲུང་སྐར་རྒྱང་ཚོར་དང་མི་མེད་གནམ་གྲུས་པར་ལེན་བྱེད་པར་བརྟེན་ནས་དཔེ་དབྱིབས་བཟོ་བ་དང་། ལྟ་ཞིབ་ཚད་ལེན་གྱི་མཚོན་རྟགས་རྡོ་རིང་འཛུགས་པ། ཁྲེ་ཙེས་འཇལ་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་པ་བརྒྱུད། འཁྱགས་རོམ་ལ་ལྟ་ཞིབ་ཚད་ལེན་བྱེད་ཚུལ་དེ་བས་ཀྱང་གནད་སྨིན་བྱུང་ཡོད།
མི་ཐབས་ཀྱི་ཆུ་སྣོན་དར་གསབ་ལས་སྒོ་ནི་ཨ་མྱེས་རྨ་ཆེན་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་གནམ་གཤིས་སྡེ་ཚན་གྱིས་གནམ་གཤིས་ཀྱི་ཆ་རྐྱེན་གཞིར་བཟུང་། འགྱུར་སྐུལ་སྨན་རྩི་སྤྱད་དེ་སྤྲིན་རིམ་དུ་ཆར་ཆུ་གོང་བུར་འགྲིལ་ནས་གངས་འབབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་ས་ཚིགས་ཀྱི་སྟོད་སྨད་རྒྱུད་ནས་དུས་གཅིག་ཏུ་འཁྱགས་རོམ་གྱི་བརླན་ཚད་དང་གངས་གསོག་གི་མཐུག་ཚད་སོགས་ལྟ་ཞིབ་ཚད་ལེན་བྱས་ཏེ་ཆུ་སྣོན་གྱི་ཕན་འབྲས་ལ་ཚོད་སྐོར་བྱེད་ཅིང་། ལག་ལེན་བརྒྱུད་ཨ་མྱེས་རྨ་ཆེན་གྱི་ས་ཁོངས་ཁག་གཅིག་ཏུ་གངས་གསོག་དུས་ཡུན་རིང་དུ་སོང་བ་དང་འཁྱགས་རོམ་ཞུ་བའི་མྱུར་ཚད་དལ་དུ་ངེས་ཅན་སོང་ཡོད།
ས་ནག་གྲམ་ཐང་བཅོས་སྐྱོང་བྱས་པ།
ཆུ་འགོ་གསོ་འཁྱོངས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱས་པ།
“འདི་ནི་དྷི་གནས་ཟངས་གཏེར་རེད”ཅེས་ཨ་མྱེས་རྨ་ཆེན་ལ་སྐོར་ལྟ་བྱེད་པར་མཉམ་དུ་སྐྱོད་མཁན་རྨ་ཆེན་རྫོང་ནགས་ལས་དང་རྩྭ་ཐང་ས་ཚིགས་ཀྱི་ཀྲན་ཀྲང་ཀུན་བཟང་གིས་ངོ་སྤྲོད་བྱས།
ཨ་མྱེས་རྨ་ཆེན་གྱི་དུམ་བུ་དཀྱིལ་མའི་གཞོགས་གཅིག་ནི་གཏེར་རི་དང་གཞོགས་གཞན་ཞིག་ནི་ས་གཤོང་རགས་རེད། སྔོན་ཆད་གསར་སྤེལ་སྔོག་འདོན་དང་ས་འབུད་ར་བ་འཛུགས་སྐྲུན་བྱས་པ་ལས་གདོད་མའི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རྩྭ་ཐང་ལ་གཏོར་སྐྱོན་ཕོག་ཅིང་། ཨ་མྱེས་རྨ་ཆེན་གྱི་རི་ལྡེབས་ལ་གཏོར་སྐྱོན་ཕོག་པ་མ་ཟད་མཐའ་འཁོར་གྱི་རྩྭ་ཐང་ཡང་ཉམས་ཞན་དུ་སོང་ཡོད། “2006ལོར་ཟངས་གཏེར་འདོན་འགོ་ཚུགས་སྐབས་སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་གི་རེད་བསམས་མ་བྱུང”ཞེས་དང“ད་ཆ་སྐྱེ་ཁམས་སླར་གསོ་བྱ་ཆེད། ང་ཚོས་ས་བབ་སྨི་4430ཡི་སར་རྩྭ་བཏབ་ཡོད”ཅེས་དྷི་གནས་ཟངས་གཏེར་གྱི་འབྲེལ་ཡོད་ལས་དོན་པ་ཀྲང་མིང་གིས་ངོ་སྤྲོད་བྱས།
ཆུ་རྩ་གསོ་འཁྱོངས་ཁུལ་དུ་རྩྭ་ནི་གནད་འགག་ཆེ་ཤོས་ཀྱི་ལྷུ་ཚིགས་ཤིག་རེད། དྷི་གནས་གཏེར་རི་སླར་གསོ་བྱེད་སྐབས་དང་ཐོག་སྔོ་ཁེབས་སླར་གསོ་བྱེད་དགོས། ཀྲང་མིང་གིས“གལ་ཏེ་ས་མེད་ན་རི་ལྡེབས་སུ་ཆུ་གསོག་མི་ཐུབ”ཅེས་བཤད། ས་དཀོན་པའི་སྐབས་ས་གནས་དེ་ག་ནས་ས་རྒྱུ་བླངས་ཏེ་ཉེ་འགྲམ་གྱི་སྤུས་གཤིས་ཅུང་མཉེན་པའི་རྡོ་སྦྲུལ་རིས་ཅན་ལས་སྣོན་བྱས་ཏེ། འདྲེས་སྦྱོར་ས་རྒྱུར་བསྒྱུར་ནས་གཟན་རྩྭ་སྐྱེ་འཚར་གྱི་དགོས་མཁོ་བསྐངས་ཡོད། ཆུ་དཀོན་པའི་སྐབས་སྐས་ཞིང་དང་སྤང་གྲུ་བཞི་སོགས་ས་ཆུ་སྲུང་འཛིན་བྱེད་ཐབས་དཔྱད་གཞིར་བཟུང་སྟེ་ཆུ་གསོག་གང་ཐུབ་བྱས་ཡོད།
ན་ནིང་དྷི་གནས་ཟངས་གཏེར་ཁོངས་ཀྱི་སྐྱེ་ཁམས་གཞི་རྩའི་ཆ་ནས་སླར་གསོ་བྱུང་བ་དང་འབྲེལ། ལོ་དེའི་ཟླ་10པར་རང་བྱུང་ཐོན་ཁུངས་པུའི་ཐོན་སྐྱེད་གཏེར་རི་15ཡི་སྐྱེ་ཁམས་སླར་གསོའི་དཔེ་མཚོན་ཁག་དང་པོའི་ནང་བདམས་ཡོད།
ཉེ་བའི་ལོ་ཤས་རིང་། མགོ་ལོག་ཀྲོའུ་ཡིས་ས་ནག་གྲམ་ཐང་སོགས་རྩྭ་ཐང་ཉམས་ཞན་མུའུ་ཁྲི་516.64བཅོས་སྐྱོང་ཡག་པོ་བྱས་ཡོད། ས་ནག་གྲམ་ཐང་གི་སྔོ་ལྗང་སླར་གསོ་བྱ་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མིན། མགོ་ལོག་ཀྲོའུ་ཡི་ཆ་སྙོམས་ས་བབ་སྨི་4200ཟིན་ཞིང་། གནམ་གཤིས་གྲང་ངར་ཆེ་བ་དང་སྐྱེ་འཚར་གྱི་དུས་ཚིགས་ཧ་ཅང་ཐུང་བ་མ་ཟད། “འདི་གར་རྩྭ་ཡང་ཡང་བཏབ་ན་མ་གཏོགས་གསོན་ཐུབ་ཀྱི་མེད”ཅེས་ཀུན་བཟང་གིས་བཤད།
2022ལོར། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་ཁུལ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། མིག་སྔར་དུས་ཐེངས་གཉིས་པའི་ཨར་ལས་དུས་མཚམས་སུ་སླེབས་པ་དང་། མ་དངུལ་ཡོང་ཁུངས་ཁྲོད་སྐྱེ་ཁམས་ཁ་གསབ་མ་དངུལ་ནི་གྲུབ་ཆ་གལ་ཆེན་ཞིག་རེད།
“གཟན་རྩྭ་ཡང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཤིག་ཏུ་གྱུར་ཡོད”ཅེས་དང་རང་བྱུང་སྐྱེ་འཕེལ་དང་བསྡུར་ན་བསྐོར་བཀག་དང་མི་ཐབས་རྩྭ་འདེབས་བདག་སྐྱོང་བྱེད་སྟངས་དེ་གཉིས་ཀྱིས་མཐོ་གྲང་རྩྭ་ཐང་གི་ཐཱན་བསྡུས་ནུས་པ་30%མཐོ་རུ་གཏོང་ཐུབ་ཅེས་རྨ་ཆེན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་མཐོ་རིམ་བཟོ་བཀོད་པ་ལི་ཝུན་ལན་གྱིས་བཤད།
འདམ་ར་སླར་གསོ་བྱས་པ།
“རྩྭ་ཐང་དང་། འབབ་རྒྱུད། འདམ་མཚོ”བཅས་མཉམ་དུ་སླར་གསོ་བྱས་པ།
མགོ་ལོག་ཀྲོའུ་རྨ་སྟོད་རྫོང་ལ“མཚོ་སྟོང་རྫོང”ཡང་ཟེར་ཞིང་། རྨ་ཆུའི་ཆུ་འགོ་ཡིན་པའི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས་གཉིས་དེ་གར་ཡོད། སྔོན་ཆད་རྩྭ་ཕྱུགས་དོ་སྙོམས་མ་བྱུང་བའི་དབང་གིས་འདམ་ར་མང་པོ་ཉམས་ཞན་དུ་ཕྱིན་པ་དང་མཚོ་4000ལྷག་ཙམ་ནས་ཕྱེད་ཀ་སྐམ་ཟིན། རྒྱུན་མཐུད་བཅོས་སྐྱོང་བྱས་པ་བརྒྱུད། མཚོ་སྟོང་རྫོང་གི་མཛེས་ལྗོངས་བསྐྱར་དུ་མངོན་ཞིང་། མཚོ་5800ལྷག་ཙམ་བར་མང་དུ་སོང་ཡོད།
མཚོ་བཅོས་སྐྱོང་བྱེད་སྐབས་མཚོ་ཁོ་ནར་དམིགས་ན་འགྲིག་ཐབས་མེད། མགོ་ལོག་ཀྲོའུ་ཡིས“རྩྭ་ཐང་དང་། འབབ་རྒྱུད། འདམ་མཚོ”བཅས་མཉམ་དུ་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ན་ནིང་རྨ་སྟོད་རྫོང་དང་མཐའ་འཁོར་རྫོང་གིས་འདམ་ར་སྦྲེལ་མཐུད་ལས་གྲྭ་ལག་ལེན་བསྟར་ནས། འདམ་ར་སྤྱི་ཆིང་1200སླར་གསོ་བྱས་པ་དང་སྔོན་དཔག་བྱས་ན་རྨ་ཆུའི་ཆུ་ལག་གི་ཆུ་15%མང་དུ་འགྲོ་བར་རོགས་རམ་ཐུབ་རྒྱུ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མགོ་ལོག་ཀྲོའུ་ཡིས་འདམ་ར་མུའུ་ཁྲི་10སྲུང་སྐྱོང་སླར་གསོ་བྱས་ཡོད། ཉེ་བའི་ལོ་ལྔའི་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་བྱས་ན་6%ཡན་འཕར་བ་དང་། མགོ་ལོག་ཀྲོའུ་ནས་རྨ་ཆུ་རྒྱུག་མཚམས་ཀྱི་ཆུ་སྤུས་རིམ་པ་དང་པོར་རྒྱུན་འཁྱོངས་ཐུབ་ཡོད།
མགོ་ལོག་ཀྲོའུ་ཡི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་ཁྲི་1ལྷག་ཙམ་ཡོད་པ་དེ་དག་གིས་མཚོ་ཁག་གི་འདམ་རར་སྐོར་སྲུང་བྱེད་ཅིང་། ཨ་མྱེས་རྨ་ཆེན་འཁྱགས་རོམ་ཉེ་འགྲམ་དུ་འཚོ་བ་སྐྱེལ་མཁན་འབྲོག་པ་རྡོ་རྗེ་རྒྱལ་མཚན་གྱིས་འཁྱགས་རོམ་ཉེ་འཁོར་གྱི་ཆུ་མིག་གི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱི་ཡོད། “མཚོ་དེ་དག་སྐམ་པ་ནས་ཡང་བསྐྱར་སླར་གསོ་བྱུང་བ་མཐོང་བྱུང་། འཁྱགས་རོམ་མཐའ་འཁོར་གྱི་སྤྱི་ལེ་20ཡི་ནང་གི་སྐབས་ཤིག་རྦད་དེ་སྐམ་པའི་ཆུ་མིག་27ནས་ད་ཆ་14སླར་གསོ་ཐུབ་སྟེ་རྨ་ཆུའི་ཆུ་ཁུངས་རྒྱས་བཞིན་ཡོད”
མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་ཡིས“ང་ཚོས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་མུ་མཐུད་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་། ལྗང་མདོག་གཏེར་རི་འཛུགས་སྐྲུན། ས་ནག་ཅན་གྱི་ཉམས་ཞན་རྩྭ་ཐང་བཅོས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།