དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཆུ་དམར་ལེབ།

    “ས་གཙང་འདིར་ང་ཚོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2025-11-09

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དམར་ཕྱུག་གྲོང་ཚོའི་ཧྲུའུ་ཅི་དང་པོ་སྐར་མ་དབང་ཕྱུག་གིས་སྐོར་སྲུང་ཉིན་ཐོའི་ཐོག་བྲེལ་འཚུབ་ངང་འདི་ལོའི་ཁྲུང་ཁྲུང་སྐེ་ནག་ལྔ་བཅུ་ང་གཉིས་པ་གནས་དེ་ནས་བྲལ་ཚུལ་ཟིན་ཐོར་ཁ་གསལ་བཀོད་ཅིང་། ཁོང་གིས“མིག་སྔར་ཁྲུང་ཁྲུང་སྐེ་ནག་གནས་སྤོ་བཞིན་ཡོད། གཏེར་ཆུའི་ཆུ་འགོའི་འདམ་རའི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། འདི་ལོ་ན་ནིང་དང་བསྡུར་ན་ཁྲུང་ཁྲུང་24ཡིས་མང་དུ་ཕྱིན་འདུག”ཅེས་བཤད།

    ཆུ་དམར་ལེབ་ནི་རྨ་ཆུའི་ཆུ་འགོའི་ཡོས་ཀྱི་སླང་ལེབ་ཆུ་ཐོན་སར་ཡོད་པ་དང་། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དང་བསྟུན་ནས། ལམ་ལུགས་རབ་དང་རིམ་པ་བཟོས་གྲུབ་ཡོད་དེ།《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟ་ལག་བསྟར)》ཁྱབ་བསྒྲགས་བྱས་པ་ནས། དོ་དམ་ཅུས་དང་། དོ་དམ་ཨུ་ལྷན། སྲུང་སྐྱོང་དོ་དམ་ས་ཚིགས་བཅས་བར་དང་ཐ་ན་གྲོང་ཚོའི་རིམ་པ་བསྟར་ཆགས་ཀྱི་དོ་དམ་མ་ལག་དོན་ཐོག་ཏུ་འཁྱོལ་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་སྟོབས་ཤུགས་གཞི་རིམ་རང་དུ་ཁྱབ་ཡོད།

    སྐར་མ་དབང་ཕྱུག་གིས“ང་ཚོས་སྲུང་སྐྱོང་བྱེད་པ་ནི་མིག་མདུན་གྱི་འདམ་ར་དང་ཁྲུང་ཁྲུང་གི་ཁྱུ་ཚོགས་ཙམ་མ་ཡིན་པར། དེ་བས‘ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག’གི་དྭངས་གཙང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པས། བུ་རབས་ཚ་རྒྱུད་ལ་བཞག་པའི་སྐྱེ་ཁམས་ཀྱི་རྨང་གཞི་ཡིན། སྐྱེ་ཁམས་སྲུང་སྐྱོང་ནི་འདེམས་འདེམས་དཀྲུག་དཀྲུག་བྱ་རྒྱུ་མེད་པར་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་རེད”ཅེས་ངོས་འཛིན་གསལ་པོ་ཐུབ་པའི་སྒོ་ནས་བཤད།

    ཁས་ལེན་དེ་ཏང་ཡོན་ལས་བྱེད་པའི་ཉིན་རེའི་འགན་ཁུར་དང་ལས་ཀ་ཞིག་རེད། མི་རིང་བའི་སྔོན་ལ། དམར་ཕྱུག་གྲོང་ཚོའི་ལས་རེས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་བཀྲ་རྒྱལ་གྱིས་འཆར་ཅན་གྱི་སྐོར་ཞིབ་སྲུང་སྐྱོང་གི་ལས་དོན་སྒྲུབ་སྐབས། གཏེར་ཆུའི་ཆུ་འགོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ནེའུ་ལེ་ཞིག་གི་གཤོག་པ་ར་སྐོར་གྱི་ལྕགས་སྐུད་ལ་འཁོན་པ་མཐོང་། ཁོ་པས་གཟབ་གཟབ་ངང་ལྕགས་སྐུད་བཅད་ནས་ནེའུ་ལེའི་རྨ་ཁར་སྨན་བཅོས་རོབ་ཙམ་བྱས། དེ་རྗེས་ཁོ་པས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་བསྐོངས་ནས་སྤྱི་གླིང་གི་ར་སྐོར་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཤིང་། རྣོ་ངར་ཅན་གྱི་ལྕགས་སྐུད་དེ་སྲོག་ཆགས་ལ་གནོད་པ་མེད་པའི་འགོག་སྲུང་དྲ་བར་བརྗེས་པ་མ་ཟད། ད་དུང་འདབ་ཆགས་སྐྱོབ་བཅོས་ཀྱི་འབྲེལ་ཡོད་ཤེས་བྱའང་སྦྱངས་པ་རེད། “འདབ་ཆགས་ཀྱང་སྐྱེ་ཁམས་ཀྱི་གྲས་ཤིག་རེད། ང་ཚོས་བྱ་བ་མང་ཙམ་བསྒྲུབས་ན་ཁོ་ཚོ་དེ་བས་བདེ་འཇགས་ཡོང་ཐུབ”ཅེས་བཀྲ་རྒྱལ་གྱིས་བཤད།

    སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱུང་བ་དང་བསྟུན་ནས། སྐྱེ་ཁམས་དཔལ་འབྱོར་གྱི་རིན་ཐང་ཡང་རིམ་བཞིན་མངོན་བཞིན་ཡོད། དམར་ཕྱུག་གྲོང་ཚོའི་ཚན་རིག་ཁྱབ་གདལ་ཁང་ནི་ཕྱོགས་མང་པོའི་སྐྱེ་ཁམས་ཁ་གསབ་ཀྱི་མ་དངུལ་དོན་འཁྱོལ་བྱས་པའི་གྲུབ་འབྲས་ཤིག་རེད། དེ་ཙམ་ཆེན་པོ་མེད་པའི་འགྲེམས་ཁང་གཉིས་ནང་འདམ་རའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིང་བཅུད་འདུས་ཤིང་། དེ་ནི་ཡུལ་སྐོར་བས་གཙང་གསུམ་ཆུ་འགོ་རྒྱུས་ལོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེ་བས་དམར་ཕྱུག་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

    སྐྱེ་ཁམས་ཀྱི་ཁེ་སྤོགས་ལས་མི་དམངས་ལ་དངོས་འབྲེལ་དྲང་འབྲེལ་གྱི་ཕན་པ་ཐོབ་ཡོད་ཅིང་། དེ་སྔོན་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་དངུལ་ཐད་དཀའ་ངལ་འཕྲད་ཀྱི་ཡོད་མོད། ན་ནིང་ནས་བཟུང་དམར་ཕྱུག་གྲོང་ཚོའི་འབྲོག་པ་དུད་ཚང་80ལྷག་ཙམ་སྐྱས་སྤོས་རྩྭ་གསོ་དང་འདམ་རའི་སྐྱེ་ཁམས་བདག་སྐྱོང་ནང་ཡུན་རིང་ཞུགས་པའི་རྐྱེན་གྱིས་དངུལ་རྩའི་སྒྲིག་གཞིས་དེ་དག“ལྗང་མདོག་ཡིད་རྟོན་དུད་ཚང”ལ་དཔྱད་འདེམས་བྱས་པ་དང་དེ་དག་ལ་རིམ་རྩིས་བརྒྱབ་ན་ཡིད་རྟོན་དངུལ་བུན་སྒོར་ཁྲི་700ལྷག་ཙམ་བཏང་ཡོད།

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག ཆུ་དམར་ལེབ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཐན་ཧྲེང་གིས“ང་ཚོས‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་སྔར་བས་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་གཞི་རིམ་གྱི་ཐབས་ལམ་འཚོལ་ཞིབ་དང་། སྣ་མང་ཅན་གྱི་མ་དངུལ་གཏོང་བའི་ལམ་སྲོལ་ཟབ་ཏུ་བཏང་ནས་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་དེ་བས་ཕུན་སུམ་ཚོགས་སུ་དང་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་གི་རི་བོ་སྔར་བས་སྔོ་ལྗང་ཅན་དང་ཆུ་མོ་དེ་བས་དྭངས་བ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།