དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོའི་ཕྱུག་འགྱུར་ཐབས་མཆོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་དབན་ཞང་།   |     སྤེལ་དུས།  2025-11-09

    ད་ཆའི་བོད་ལྗོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མི་རིགས་ཁག་གི་མི་དམངས་དབར་ལྟ་རེས་སྐྱོང་རེས་དང་སེམས་མཐུན་སྟོབས་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་དཔའ་ངར་ཆེན་པོས་སྐྱོད་བཞིན་ཡོད།

    ཉེ་ཆར། གསར་འགོད་པ་ལྷོ་ཁར་བསྐྱོད་དེ་གངས་ལྗོངས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ཐབས་མཆོག་འཚོལ་ཞིབ་བྱས།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལས་སྐྱེ་སྟོབས་གསར་པ་མངོན་པ།

    ལམ་སྒྲོན་སྟེང་ལྷ་མོའི་འབག་བཀལ་བ་དང་། གད་གཞོང་ངོས་སུ་ལྷ་མོ་འཁྲབ་མཁན་བྲིས་ཡོད་པ། དམངས་སྲོལ་གནས་ཚང་གི་ཉལ་ཁྲིའི་སྟེང་ལྷ་མོའི་རྒྱན་གོས་བསྒྲིགས་པ་ལ་སོགས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བསྐྱོད་ཚེ་ལྷ་མོའི་གཞི་རྒྱུ་གང་སར་མཐོང་རྒྱུ་ཡོད་པས“ལྷ་མོའི་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ནི་མིང་དོན་མཚུངས་པ་ཞིག་རེད།

    བཀྲ་ཤིས་མཆོད་རྟེན་གྱི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ལོ་ངོ་600ལྷག་ཙམ་རྒྱུན་འཛིན་བྱས་པ་དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་ཤིག་རེད། གནའ་བོའི་ལྷ་མོར་བརྟེན་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ལྷ་མོ་ཚོགས་པ་བཙུགས་ཏེ“ལྷ་མོའི་གྲོང་ཚོ་དང་པོ་དང་ས་མཐོའི་བག་ཕེབས་ཀྱི་འཚོ་བའི”དམངས་སྲོལ་གནས་ཚང་ཚོགས་པ་བཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    “རི་གྲོང་ཆུང་ངུ་ཇི་ལྟར་བྱས་ནས་ཡུལ་སྐོར་གྲོང་ཚོར་འགྱུར་དགོས་སམ་ཞེ་ན། སྔོན་ལ་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་སུ་གཏོང་དགོས”ཞེས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སྒྲོལ་མས་2019ལོ་ནས་བཟུང་སྡེ་ཁུལ་དུ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་རྣམ་གྲངས་ལག་བསྟར་བྱས་ནས། བཙོག་ཆུའི་མདོང་ལམ་དང་། སྣུམ་ནག་ལམ། སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་སོགས་ཕྱོགས་ཡོངས་ནས་སྒྱུར་བཀོད་བྱས་པས་སྡེ་ཁུལ་གྱི་རྣམ་པ་དེ་བས་མཛེས་སུ་སོང་ཡོད་ཅེས་བཤད།

    དམངས་སྲོལ་གནས་ཚང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་དམངས་སྲོལ་གནས་ཚང་གཉེར་སྐྱོང་གི་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་དང་། གོ་ཆོད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་། ཕྱི་ཕྱོགས་སུ་བསྐྱོད་དེ་དཔེ་མཚོན་ཉམས་མྱོང་སློབ་སྦྱོང་སོགས་བྱེད་པའི་བྱ་ཐབས་བརྒྱུད། ཏང་དང་མང་ཚོགས་མཉམ་སྐྲུན་མཉམ་སྤྱོད་དང་། དམངས་སྲོལ་གནས་ཚང་གི་སྐར་རིམ་དཔྱད་བསྡུར་གཏན་འབེབས་དང་སྒོ་བྱང་འགེལ་བ། སྐུ་མགྲོན་གྱི་བསམ་འཆར་ཚུར་ལན་སོགས་གཉེར་སྐྱོང་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ཏེ་བཟོས་ཡོད། ད་ཆ་འདི་གའི་དམངས་སྲོལ་གནས་ཚང་ཐོག་མའི་དུད་ཚང་7གྱི་ཉལ་ཁྲི་22ནས་དུད་ཚང་85ཡི་ཉལ་ཁྲི་744བར་མང་དུ་ཕྱིན་ཡོད།

    “ང་ཚོར་ཁྱོན་བསྡོམས་ཁང་མིག་4དང་ཉལ་ཁྲི་8ཡོད། 2024ལོར་ཁྱིམ་ཚང་གི་ཡོང་འབབ་བསྡོམས་སྒོར་ཁྲི་111རག་བྱུང”ལོ་55ལ་སླེབས་པའི་གྲོང་མི་ལྷག་པ་གཡང་འཛོམས་ཀྱིས་སྡེ་ཁུལ་གྱི་དམངས་སྲོལ་གནས་ཚང་ཨང་103པ་གཉེར་སྐྱོང་བྱས་ཤིང་། ཁོང་གིས་གསར་འགོད་པར། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་བྲེལ་བ་ཆེན་པོ་འདུག་ཅེས་བཤད།

    ལྷ་མོ་དང་འཁྲབ་སྟོན་ལ་ལྟ་བ་དང་དམངས་སྲོལ་གནས་ཚང་དུ་སྡོད་པ་བཅས་ལས་སྲོལ་རྒྱུན་གྱི་གནའ་བོའི་གྲོང་ཚོ་དེར་གསོན་ཤུགས་གསར་པ་འཕེལ་ཡོད། དེ་དང་ཆབས་ཅིག་ལྷོ་ཁའི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ“ལུག་ཆུང”གིས་བཀྲ་ཤིས་མཆོད་རྟེན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། 2013ལོར་གྲོང་མི་ཚེ་རིང་ཆོས་སྒྲོན་གྱིས“ལུག་ཆུང”སྤུས་རྟགས་བཏོད་པ་རེད།

    མིག་སྔར་ས་གནས་དེ་གའི་བུད་མེད་28ཀྱིས་ཁོང་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པའི་ནང་བུད་མེད་9ནི་དབུལ་སྒྲོལ་དུད་ཚང་ནས་ཡིན་པ་རེད། 2024ལོར་ལུག་ཆུང་ལག་ཤེས་བཟོ་ཁང་ལ་ཡོང་འབབ་སྒོར་ཁྲི་300བྱུང་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་260བྱུང་ཡོད།

    ལྷོ་ཁའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་ཐོན་ལས་སྐྱེད་སྲིང་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ཞིང་། 2024ལོར་བོད་ཀྱི་ལྗོངས་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6389ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བས་སྒོར་དུང་ཕྱུར་746ལྷག་ཙམ་འཛད་སྤྱོད་བྱས་པ་དེ་དུས་མཚུངས་ལས་15.8%དང་14.5%སོ་སོར་འཕར་ཡོད།

    ཁྱད་ལྡན་ཐོན་ལས་ནས་སྒུལ་ནུས་གསར་པ་འཕེལ་བ།

    གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་འབྱོར་སྐབས་དམར་སྨུག་གི་རྒུན་འབྲུམ་བྱུར་བུར་བཏགས་ཤིང་། མུའུ་ཁྲི་ཡི་རྒུན་འབྲུམ་གླིང་དང་ལམ་འགྲམ་དུ་བཞད་པའི་སྐལ་བཟང་མེ་ཏོག་ཕན་ཚུན་མཛེས་པའི་རྒྱན་དུ་གྱུར་ཡོད།

    ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་དེ་2011ལོར་བཙུགས་པ་དང་། རྒུན་འབྲུམ་འདེབས་འཛུགས་ཚོད་ལྟ་བྱས་པ་ནས་ཝེ་ཏེར་དང་ཁྲི་ཞ་ཀྲུའུ་སོགས་སྤུས་རྟགས་རིགས་6གདམ་གསེས་བྱས་ཏེ་རྒུན་འབྲུམ་འདེབས་ཁྱོན་ཆེ་རུ་གཏོང་བ་ནས་ས་བབ་མཐོ་བའི་བོད་བཟོའི་ཨ་རག་གཞིས་ཀ་-ཕག་གྲུ་ཨ་རག་གཞིས་ཀ་བསྐྲུན་པའི་བར་རྒུན་འབྲུམ་ཆུང་ངུ་དེ་ཐོན་ལས་ཆེན་པོར་གྱུར་ཏེ་བྱེ་ཐང་ནས་སྔོ་གླིང་བར་གྱི་འཕོ་འགྱུར་བྱུང་ཡོད།

    རྟེན་གཞིས“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་2070ལ་གསོ་སྦྱོང་བྱས་པ་དང་མི་60ལ་ལས་ཞུགས་ལས་གནས་བརྟན་པོ་མཁོ་འདོན་བྱས་ཡོད། “མིག་སྔར་རྟེན་གཞིས་རིམ་རྩིས་བརྒྱབ་ན་ལས་མི་མི་ཐེངས་ཁྲི་12.26ལྷག་ཙམ་བཀོལ་སྤྱོད་བྱས་པ་དང་། མང་ཚོགས་ལ་གླ་ཆ་སྒོར་ཁྲི་1700ལྷག་ཙམ་སྤྲད་དེ་མཐའ་འཁོར་གྱི་གྲོང་ཚོ(སྡེ་ཁུལ)10ཡི་མང་ཚོགས་ཉེ་འགྲམ་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད”ཅེས་དབྱང་ཁྲེང་གིས་བཤད་པ་དང་། སྔོན་ཆད་བྱེ་སའི་ཁུལ་དུ་དབུལ་ཕོངས་ཀྱི་འཚོ་བ་བསྐྱལ་བ་དང་ད་ཆ་རྒུན་འབྲུམ་བཏབ་ནས་ཕྱུག་པོར་གྱུར་པས་གྲོང་མིའི་འཚོ་བ་ཇེ་ཡག་ཏུ་སོང་ཡོད།

    འབྲེལ་ཡོད་བསྡོམས་རྩིས་ལས་མངོན་པར། 2024ལོའི་བར་ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་རིམ་རྩིས་བརྒྱབ་ན་རྒུན་འབྲུམ་ཏུན་3000ཐོན་པ་དང་། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ། རྒུན་ཆང་ཤེལ་དམ་ཁྲི་200ཐོན་པ། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་2000ཟིན་པ་བཅས་རེད།

    སྤུས་འབྲས་གསར་པར་ཕྱོགས་ནས་སྒུལ་ཤུགས་གསར་པ་བཏོད་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཐོན་གྲོང་གཞི་གཅིག་ཅན་གྱི་དཔེ་སྟོན་གླིང་དུ་བོད་ལྗོངས་ཁྲོང་པོ་གནམ་གྲུ་འཕུར་གཏོང་ཚན་རྩལ་ཚད་ཡོད་ཀུང་སིའི་སྒོ་བྱང་སྔོན་པོ་དེ་མངོན་གསལ་ཤིན་ཏུ་དོད། ཀུང་སི་དེའི་མི་མེད་གནམ་གྲུའི་ལག་རྩལ་དང་ཐོན་རྫས་ཡོམ་འགོག་གེགས་སེལ་དང་། ནགས་ཚལ་མེ་གསོད། གློག་ཤུགས་སྐོར་ཞིབ་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱེད་བཞིན་ཡོད།

    2023ལོར་ཁྲོང་པོ་གནམ་གྲུ་འཕུར་གཏོང་ཚན་རྩལ་ཚད་ཡོད་ཀུང་སི་སྣེ་གདོང་ཆུས་ཐོན་གྲོང་གཞི་གཅིག་ཅན་གྱི་དཔེ་སྟོན་གླིང་དུ་བཙུགས་ཤིང་། དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་1བཏང་ནས་ས་ཁྱོན་སྨི་ངོས་གྲུ་5500ཟིན་པའི་ཐོན་ལས་ཞབས་ཞུའི་རྟེན་གཞི་བསྐྲུན་པ་དེར་ཐོན་རྫས་ཐོན་སྐྱེད་ཞིབ་དཔྱད་ཚད་ལེན་དང་། དམིགས་བསལ་སྒྲིག་ཆས་ཞིབ་བཟོ། ཐོན་རྫས་ཉམས་གསོ་བདག་སྐྱོང་། གནམ་གྲུ་གཏོང་མཁན་གསོ་སྐྱོང་། ཚན་རིག་ཁྱབ་གདལ་སློབ་གསོ་བཅས་གཞི་གཅིག་ཅན་གྱི་འདུས་གྲུབ་རྣམ་པའི་ནུས་པ་ལྡན་ཡོད།

    2024ལོའི་ཟླ་9པ་ནས་བཟུང་། ཁྲོང་པོ་གནམ་གྲུ་འཕུར་གཏོང་ཚན་རྩལ་ཚད་ཡོད་ཀུང་སིས་ལྷོ་ཁ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁྱབ་གདལ་གསོ་སྦྱོང་ཐེངས་མང་སྒྲིག་འཛུགས་བྱེད་པར་གཞོགས་འདེགས་བྱས་པ་དེའི་ནང་སྔ་རྗེས་སུ་སློབ་མ་500ལྷག་ཙམ་ཞུགས་ཡོད་པ་རེད། ཀུང་སིས་ད་དུང་ལྷོ་ཁ་གྲོང་ཁྱེར་གྱི་གནམ་གྲུའི་བཟོ་དབྱིབས་མང་བའི་CAACམི་མེད་གནམ་གྲུའི་ཁ་ལོ་བའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྦྱོང་ལྟེ་གནས་དང་པོ་བཙུགས་ནས་དམའ་དབྱིངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད་པ་རེད།

    བོད་ལྗོངས་ཁྲོང་པོ་གནམ་གྲུ་འཕུར་གཏོང་ཚན་རྩལ་ཚད་ཡོད་ཀུང་སིའི་མི་མེད་གནམ་གྲུའི་རྟེན་གཞིའི་རྣམ་གྲངས་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱི་མི་མེད་གནམ་གྲུའི་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་བཙུགས་པ་དང་ལྷོ་ཁ་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་ཞིང་། མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱིས་དམའ་དབྱིངས་དཔལ་འབྱོར་དང་དེ་བཞིན་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་མང་པོ་ཞིག་ལག་ལེན་བསྟར་བ་རེད། གསར་དར་ཐོན་ལས་རེ་རེ་བཞིན་རྒྱུན་ཆད་མེད་པར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།