གོ་བརྡ་འཕྲོད་པ་དང་། ཞབས་ཞུ་ལེགས་པ། རིག་གནས་མཉམ་འདྲེས།
ཉི་དྲོ་གླིང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི“དྲ་བ་གསུམ”དམ་དུ་བཏང་བ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་དུ། “བོད་ལྗོངས་རྒན་རྒོན་སློབ་ཆེན། སྡེ་ཁུལ་སློབ་ཚན”གྱི་ཐའེ་ཅི་ཆོན་དྲག་རྩལ་ཁྲིད་སྐབས། རྒན་རྒོན་ཚོས་གྲལ་སྟར་བསྒྲིཌ་ནས་ནན་ཏན་ངང་སྦྱོང་བཞིན་ཡོད་ལ། སྲོལ་རྒྱུན་རིག་གནས་ཉིང་བཅུད་ཉམས་ལེན་ཁྲོད་གཟུགས་པོར་སྦྱོང་བརྡར་བྱེད་བཞིན་འདུག
“སྤོ་ལགས། ཁྱེད་ལུས་རྩལ་གཞན་སྦྱོང་འདོད་མེད་ན། ཐའེ་ཅི་ཆོན་དྲག་རྩལ་སྦྱང་ན་འགྲིག མུ་མཐུད་སྦྱོང་བརྡར་གནང་ན་གཟུགས་པོ་ཐང་པོ་ཡོང་གི་རེད”ཅེས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལའེ་ལི་ཧྥང་གིས་བོད་སྐད་གཙང་མ་བརྒྱབ་ནས་བཤད།
ཁོང་གིས་སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་27སོང་ཞིང་། ཁྱིམ་དུད་ཁག་ཏུ་བསྐྱོད་དེ་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ཚོའི་འཚོ་བའི་དགོས་མཁོ་གཞིར་བཟུང་སྡེ་ཁུལ་གྱི་བཅའ་སྡོད་ཚན་པ་དང་། ཏང་ཡོན། དང་བླངས་པའི་རུ་མི་སོགས་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ“བོད་ལྗོངས་རྒན་རྒོན་སློབ་ཆེན། སྡེ་ཁུལ་སློབ་ཚན”འཛུགས་པར་སྐུལ་འདེད་བཏང་ཡོད།
“རྒན་ཡོལ་ཞུས་རྗེས་སྡེ་ཁུལ་གྱིས་ང་ཚོ་རྒན་རྒོན་ཚོར་རིན་པ་མི་ལེན་པར་ཡིག་གཟུགས་དང་། ལག་རྔ། མེ་ཏོག་འཛུགས་པ་བཅས་ཀྱི་སློབ་ཚན་ཁྲིད་ཀྱི་ཡོད་ལ། ང་ཚོའི་དགའ་ཕྱོགས་ལ་གཞིགས་ཏེ་གཟུགས་པོར་སྦྱོང་བརྡར་ཡང་བྱེད་ཀྱི་ཡོད། དེ་ལྟར་ང་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་བས་སྡེ་ཁུལ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་གྲོང་མི་དབང་འདུས་ཀྱིས་བཤད།
རྒན་རྒོན་ཚོའི་གཟུགས་པོར་སེམས་ཁུར་བྱེད་པ་ཕུད། སྡེ་ཁུལ་གྱིས་ད་དུང“གཅེས་སེམས་ས་ཚིགས”བཙུགས་ནས་གྲོང་མི་མང་ཚོགས་ལ་སེམས་ཁམས་བདེ་ཐང་གི་སློབ་ཁྲིད་དང་། སེམས་ཁམས་ཀྱི་བློ་འདྲི། སེམས་ཁམས་བདེ་ཐང་ཟུར་ཁྲིད་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་ནས་སྡེ་ཁུལ་གྱི་ལས་དོན་པ་དང་གྲོང་མི་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ཡོད།
དེ་དང་ཆབས་ཅིག སྡེ་ཁུལ་གྱིས“བུད་མེད་ས་ཚིགས”འཛུགས་གཏོད་བྱས་ནས་དུས་བཀག་ནང་སྡེ་ཁུལ་གྱི་ལས་བྱེད་མང་ཚོགས་སྒྲིག་འཛུགས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་དང་། གཟུགས་པོར་བརྟག་དཔྱད། ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་སོགས་ཀྱི་ལས་དོན་སྤེལ་ཏེ། བུད་མེད་ཀྱི་ཁེ་དབང་དང་བདེ་ཐང་སྲུང་སྐྱོང་བྱས་པ་མ་ཟད། བུད་མེད་ཚོགས་སྤྱི་སྒྲིག་འཛུགས་ཧུར་ཐག་བྱས་ནས་དང་བླངས་ཞབས་ཞུ་སྤེལ་ཏེ་བུད་མེད་ཚོགས་སྤྱིར་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཡོད།
ད་ཆ་ཉི་དྲོ་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཚོས་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་པ་དང་། “ཏང་ཡོན་ཞིག་ཡིན་པའི་ངོས་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ནི་འབོད་ཚིག་ཙམ་མིན། མེས་རྒྱལ་མཐའ་མཚམས་ཀྱི་གཞི་རིམ་དུ་ལས་ཀ་བྱེད་སྐབས་སྐད་ཡིག་སློབ་སྦྱོང་བྱེད་དགོས་པ་ཕུད། ད་དུང་དམངས་སྲོལ་རིག་གནས་ཤེས་རྟོགས་གཏིང་ཟབ་བྱེད་དགོས། དེ་ལྟར་བྱས་ཚེ། གཞི་ནས་ཇུས་འགོད་ཞིབ་ཚགས་དང་ཞབས་འདེགས་ཡག་པོ་ཞུ་ཐུབ་པ་མ་ཟད། གྲོང་མི་མང་ཚོགས་ཀྱི་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་སོང་སྟེ། སྡེ་ཁུལ་གྱི་འཚོ་བར་གསོན་ཤུགས་གསར་པ་སྦྱིན་ཐུབ”ཅེས་ལའེ་ལི་ཧྥང་གིས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།