སི་ཁྲོན་དཀར་མཛེས་ཀྱི་ཞིང་འབྲོག་པར་ཡུལ་སྐོར་ཡོང་འབབ་བྱུང་ནས་སྐྱིད་པའི་འཚོ་བར་རོལ་བ།
ཁྲོན་བོད་ས་མཐོར་སྟོན་མཇུག་སླེབས་རིམ་བཞིན་གནམ་ངོ་དྭངས་ཤིང་མཛེས་ལྗོངས་ཡིད་དུ་འོང་བས། ལྷ་སྒང་རྩྭ་ཐང་གི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཉུང་བ་ཞིག་རྟ་བཞོན་ནས་ཡུལ་སྐོར་སྤྲོ་འཆམ་བྱེད་བཞིན་འདུག
ལོ་20ཡོལ་ཙམ་ཡིན་པའི་བསོད་ནམས་དཔལ་ལྡན་གྱིས་ཡུལ་སྐོར་བས་རྟ་བཞོན་པར་བསྒུག་ནས་འདུག ཁོང་གིས་གསར་འགོད་པར་སློབ་ཆེན་ཐོན་སྐབས་ཕ་ཡུལ་གྱི་ཡུལ་སྐོར་ལས་རིགས་སྔོན་མ་དང་མི་འདྲ་བར་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་མཐོང་རྗེས་ཀ་ཀོར་མེད་པར་ཕ་ཡུལ་ལ་ལོག་པའི་གདམ་ག་བྱས་པ་ཡིན་ཞེས་བཤད།
ལྷ་སྒང་གྲོང་རྡལ་ནི་དེ་སྔ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དར་རྩེ་མདོ་གྲོང་རྡལ་གྱི་འབྲོག་ལས་རྐྱང་པའི་ཤང་གྲོང་སྤྱིར་བཏང་ཞིག་ཡིན་པ་དང་ས་ཆ་མང་ཆེ་བ་ས་བབ་མཐོ་སར་གནས་ཡོད། མཛེས་ལྗོངས་ཁུལ་གནས་སའི་ལྷ་སྒང་གྲོང་ཚོའི་ཆ་སྙོམས་ས་བབ་སྨི་3730ཟིན་པས་སྔོན་མ་ལམ་ཡག་པོ་མེད་ལ་སྒྲིག་ཆས་ཀྱང་ཁ་ཐང་པོ་ཡོད། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཡུལ་དེས་རྩྭ་ཐང་གི་མཛེས་ལྗོངས་ལ་བརྟེན་ནས་ལྷ་སྒང་རྩྭ་ཐང་མཛེས་ལྗོངས་ཁུལ་བཏོད་པས། ཡུལ་སྐོར་བ་མང་པོ་སླེབས་པ་མ་ཟད་ཡུལ་མི་རྣམས་ལའང་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད།
གསར་འགོད་པ་བཅར་འདྲི་བྱེད་པར་ཡོང་བ་མཐོང་རྗེས་ཡུལ་མི་རྣམས་འདི་གར་རུབ་ཡོང་།
“དེ་སྔོན་ཡིན་ན་རྫི་བོར་བསྐྱོད་པ་དང་དབྱར་རྩྭ་དགུན་འབུ་བཀོག་ནས་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད། ད་ཆ་ཡུལ་སྐོར་བ་རྟ་ལ་བཞོན་དུ་བཅུག་ནས་འཁྲིད་དེ་ཡོང་འབབ་གསོག་ཆོག་པས་རི་སྟེང་དུ་འགྲོ་མི་དགོས་པ་མ་ཟད། ད་དུང་ཡོང་འབབ་ཡང་དེ་བས་མང་བ་འདུག” “ཡུལ་སྐོར་བ་མང་བའི་སྐབས་ལ་ཉིན་རེར་རྟ་རེ་ནས་ཡོང་འབབ་སྒོར་8000རག་གི་འདུག ཡུལ་སྐོར་བ་ཉུང་བའི་སྐབས་ལའང་སྒོར་1000འདུག” “སྔོན་མ་ང་ཚོས་སྤྱི་སྐད་ཤོད་མི་ཤེས་ཀྱང་ད་ཆ་ཡུལ་མི་མང་ཆེ་བས་སྤྱི་སྐད་ཤོད་ཤེས་པ་མ་ཟད། ཁག་གཅིག་གིས་ད་དུང་ཡུལ་སྐོར་བར་དར་རྩེ་མདོའི་མི་ཆོས་རིག་གནས་དང་། ལོ་རྒྱུས། གཏམ་རྒྱུད། ངག་རྒྱུན་སོགས་ཀྱང་ཤོད་ཤེས་ཀྱི་ཡོད”ཅེས་གྲོང་མི་ཚོས་ལོ་དེ་དག་རིང་གི་འགྱུར་ལྡོག་འཚང་ཁ་ཤིག་ཤིག་གིས་གླེང་།
“ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པའི་རྐྱེན་གྱིས་ལྷ་སྒང་གྲོང་ཚོའི་ལོ་རེའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་ཆིག་སྟོང་ལྷག་ཟིན་གྱི་ཡོད” “གྲོང་མི་ཚོས་མིག་སྔའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ཆེན་པོ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། མཛེས་ལྗོངས་ཁུལ་གྱི་མིང་གྲགས་ལ་སྐྱོན་མི་རྒྱག་པ་བྱས་ཡོད”ཅེས་ལྷ་སྒང་གྲོང་རྡལ་གྱི་ཀྲེན་ཀྲང་ཝུའུ་ཅིན་ཤཱ་ཡིས་གསར་འགོད་པར་དེ་ལྟར་བཤད།
མགོ་བཏགས་སྨད་པ་གྲོང་ཚོ་ནི་དེ་སྔ་དབུལ་ཞིང་ཕོངས་པ་ཞིག་རེད། 2015ལོར་གནས་མཆོག་མི་ཉག་མཛེས་ལྗོངས་འདི་གར་བསྐྲུན་འགོ་ཚུགས་པ་དང་2017ལོའི་ཟླ་4པར་བསྐྲུན་ཟིན་ནས་ཕྱི་ཕྱོགས་ལ་སྒོ་དབྱེ་བྱས་རྗེས“འབྲོག་ཁུལ་མཛེས་ལྗོངས་ཁུལ་ལ་བསྒྱུར་བ་དང་། ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ། འབྲོག་པ་རྐང་དམངས་ལ་བསྒྱུར་བ”བཅས་ཡག་པོ་བྱེད་ཐུབ་ཡོད།
“ང་ཚོས་འཛུགས་སྐྲུན་བྱེད་སྐབས་སྔོན་ལ་ཡུལ་དེ་གའི་གྲོང་མི་ལས་ཀར་བསྡུས་པ་ཡིན། 2016ལོ་ནས་བཟུང་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་བགོ་འགྲེམས་སྤྲད་པ་དང་། 2024ལོར་བགོ་འགྲེམས་སྒོར་ཁྲི་125སྤྲད་པ་ཡིན”ཞེས་གནས་མཆོག་མི་ཉག་མཛེས་ལྗོངས་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ནམ་མཁའ་ཚེ་རིང་གིས་དེ་ལྟར་བཤད་པ་དང་། ཁོང་གིས“ང་ཚོས་གྲོང་མི་ཡོངས་ལ་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ཉོས་པ་མ་ཟད། ད་དུང་ཞིང་འབྲོག་པའི་བུ་ཕྲུག་40མཛེས་ལྗོངས་ཁུལ་དུ་ལས་ཀར་བཅུག་ཡོད”ཅེས་བཤད།
《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་གྲོས་འགོའི》ནང་སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་མཁོ་འདོན་བྱེད་ཚད་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་བཏོན་ཡོད། “དཀར་མཛེས་ཀྱི་གང་སར་མཛེས་ལྗོངས་མང་པོ་ཡོད་པས། ང་ཚོའི་མཛེས་ལྗོངས་ཁུལ་འདི་རང་བྱུང་ལྟ་སྐོར་གཅིག་པུར་བརྟེན་ནས་སྡོད་རྒྱུ་མེད་ལ། སྒོ་འཛིན་གྱི་ཡོང་འབབ་ལ་བརྟེན་དྲགས་རྒྱུ་མེད་པར་ཁྱད་ལྡན་གྱི་རྣམ་གྲངས་གསར་སྤེལ་བྱས་ནས། ཡུལ་སྐོར་བར་དེ་བས་ཁྱད་ཆོས་ལྡན་པའི་ཉམས་ལེན་ཟབ་མོ་ཡོང་བ་བྱེད་དགོས། ང་ཚོས་ཀྲོའུ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་གཞན་དག་དང་མཉམ་འགུལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གྲོང་མིར་ཡོང་འབབ་དེ་བས་མང་བ་ཡོང་བར་སྐུལ་ཁྲིད་བྱེད་ཀྱི་ཡིན”ཞེས་ནམ་མཁའ་ཚེ་རིང་གིས་བཤད།
འབྲེལ་ཡོད་གསར་འགྱུར།