“དེ་བས་མང་བའི་ཀྲུང་གོའི་ཁེ་ལས་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུ་གི་ཡིན”
—— ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟ་བ།
ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་འཚོག་ཡུལ་དུ་སྐྱོད་སྐབས། ཡིད་དབང་འཕྲོག་པའི་འགྲེམས་དངོས་རེ་རེ་དང་། གཉིས་ཁེ་གཉིས་ཕན་གྱི་གན་འཇོག་མཉམ་ལས་རེ་རེ། སྤེལ་རེས་ཟབ་པའི་གླེང་སྟེགས་ཀྱི་བྱེད་སྒོ་རེ་རེ་བཅས་ལས་ཕན་ནུས་ཆེན་པོ་ཐོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་རམ་འདེགས་བྱས་པ་རེད།
ཚོང་དོན་འགྲོ་འོང་ལ་སྐུལ་ཁྲིད་བྱས་ནས་མ་འཇོག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།
ནང་འདྲེན་འགྲེམས་ཚོགས་ཐོག་སྒོ་དབྱེའི་ཁེ་སྤོགས་རྒྱུན་མཐུད་ཐོན་ཞིང་། ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པའི་འགྲེམས་སྟོན་གྱི་རྒྱ་ཁྱོན་དང་འགྲེམས་ཞུགས་ཁེ་ལས་ཀྱི་བསྡོམས་འབོར་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ནང་འདྲེན་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་སྤུས་དག་ཐོན་རྫས་དེ་བས་མང་བ་འགྲེམས་དངོས་ནས་ཚོང་ཟོག་ཏུ་གྱུར་ཏེ་ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད།
ནང་འདྲེན་འགྲེམས་ཚོགས་ཀྱི་ཕན་ནུས་ཆེན་པོ་ཐོན་པར་བརྟེན། མོ་ཧྲ་ཏུང་ཀུང་སིས་ན་ནིང་འགྲེམས་སྟོན་བྱས་པའི་ཞིབ་འཇུག་བྱེད་སྒང་གི་སྨན་རྫས་མང་པོ་ཞིག་ཀྲུང་གོའི་ཁྲོམ་རར་གཅིག་རྗེས་གཉིས་མཐུད་ངང་འདོན་རྒྱུའི་ཆོག་མཆན་ཐོབ་པས་ནད་པར་སྨན་བཅོས་ཀྱི་གདམ་ག་གསར་པ་བྱུང་ཡོད་པ་རེད། མོ་ཧྲ་ཏུང་ཀུང་སིའི་གོ་ལ་ཧྲིལ་པོའི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་མོ་ཧྲ་ཏུང་ཀྲུང་གོའི་ཙུང་ཚའེ་གཅིག་ལྕོགས་ཐང་ཁའེ་ཡུས་ཀྱིས་ངོ་སྤྲོད་བྱས་དོན། ཀུང་སིས་ཀྲུང་གོའི་ཚེ་སྲོག་ཚན་རིག་ཁྱབ་ཁོངས་ཀྱི་གསར་གཏོད་སྐྱེ་ཁམས་དང་མཉམ་ལས་ཟབ་ཏུ་གཏོང་བར་གཞོལ་བཞིན་ཡོད་ཅིང་། འབྱུང་འགྱུར་ལོ་ལྔའི་ནང་སྔོན་དཔག་བྱས་ན་མོ་ཧྲ་ཏུང་ཀུང་སིའི་ཐོན་རྫས་གསར་པ་དང་ནད་འཕྲོད་སྨན་བཅོས་རིགས་གསར་པ་40ལྷག་ཙམ་ཀྲུང་གོའི་མངའ་ཁོངས་སུ་ཆོག་མཆན་ཐོབ་རྒྱུ་རེད།
ཀྲུང་གོར་མ་འཇོག་བྱེད་པ་ནི་མ་འོངས་པར་མ་འཇོག་བྱེད་པ་ཞིག་རེད། ནང་འདྲེན་འགྲེམས་ཚོགས་ཀྱིས་ཉོ་ཚོང་དང་ཉོ་སྒྲུབ་གནད་འཁེལ་འབྲེལ་མཐུད་ལ་རམ་འདེགས་བྱས་ནས་འགྲེམས་སྟོན་ཚོང་པ་དེ་བས་མང་བ་མ་འཇོག་ཚོང་པར་གྱུར་ཏེ་ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་ལས་དར་བྱེད་པར་ཡོང་བར་སྐུལ་འདེད་བཏང་ཡོད།
ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ།
ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རེད། ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་ཁག་461འགྲེམས་སྟོན་བྱས་པ་དང་། ཆ་འཕྲིན་ལག་རྩལ་གསར་པ་དང་། མི་ཐབས་རིག་ནུས། ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་པ་སོགས། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་གསར་གཏོད་དང་ལྗང་མདོག་གི་ཁྱད་ཆོས་ཧ་ཅང་འབུར་དུ་ཐོན་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཚོད་ལྟ་བྱ་ཡུལ་དང་། ཁེ་སྤོགས་གཉེར་ས། ཉེར་སྤྱོད་བྱ་ཡུལ་བཅས་སུ་འགྱུར་བཞིན་ཡོད།
ཕྱི་རྒྱལ་གྱི་ཚོང་པ་དང་ཞིང་ཞོར་ཐོན་རྫས་ཀྱི་ཚོང་དོན་དང་ཟོག་འགྲེམས་མཉམ་ལས་བྱས་པ་དང་རྒྱལ་སྤྱིའི་ལས་རིགས་གཅིག་པ་དང་ལག་རྩལ་དང་དོ་དམ་གྱི་ཉམས་མྱོང་སྤེལ་རེས་བྱས་པ་ལ་སོགས། ཀྲུང་གོ་མཁོ་ཚོང་ཚོགས་པའི་ཁོངས་གཏོགས་ཀྲུང་གོ་མཁོ་ཚོང་འབྲུ་སྣུམ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁྲེན་ཅིང་པོ་ཡིས། ཀུང་སིས་མཁོ་ཚོང་མཉམ་ལས་ཁང་གི་ཁོངས་གཏོགས་ཀྱི་ཐོན་ཁུལ་གཙོ་བོར་ཁྱབ་པའི་མཛོད་ཉར་ཟོག་འགྲེམས་དྲ་རྒྱའི་ལེགས་ཆ་རྒྱུན་མཐུད་བཏོན་ནས་མཉམ་སྒྲུབ་ནུས་ལྡན་བྱས་ཏེ་ཐོན་ལས་འཁོར་འབྲེལ་གྱི་མ་གནས་དམའ་རུ་བཏང་ནས་རྒྱལ་ནང་གི་མཐའ་སྣེའི་ཁེ་ལས་ལ་སྔར་བས་སྤུས་དག་དང་དངོས་ཕན་གྱི་མ་བཅོས་རྒྱུ་ཆ་རག་པར་བྱེད་ཀྱི་ཡིན་ཞེས་བརྗོད།
“ནང་འདྲེན་འགྲེམས་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འབྲེལ་མཐུད་ལ་སྦྲེལ་ཟམ་བཙུགས་ནས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་རོགས་ཟླ་མཉམ་འདྲེས་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་ཡོད”ཅེས་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཉི་ཀྲེན་གྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཀུང་སི་དང་འཇར་མན་གྱི་ཤིས་མོན་ཙི་ནུས་རྒྱུ་སོགས་རྒྱལ་སྤྱིའི་གྲགས་ཅན་ཁེ་ལས་མང་པོ་དང་མཉམ་ལས་ཀྱི་འདོད་འདུན་བཞག་པ་དང་། ནང་འདྲེན་བྱས་པའི་སྒྲིག་ཆས་དང་ལག་རྩལ་སོགས་ཀྱིས་ཀུང་སི་ལྗང་མདོག་ཅན་དང་གྲངས་རིག་ཅན་དུ་ཕྱོགས་སྒྱུར་འཕེལ་རྒྱས་གཏོང་བར་རམ་འདེགས་བྱ་རྒྱུ་རེད་ཅེས་བརྗོད།
འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ།
མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་བབས་ས་རེད།
སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་མོས་འདེམས་ཀུང་སིས《2025ལོའི་ཧྲང་ཧའེ་ནང་འདྲེན་འགྲེམས་ཚོགས་ཀྱི་ཞིམ་ཟས་ཟླ་བ——ཧྲང་ཧའེ་གོ་ལ་ཧྲིལ་པོའི་ཞིམ་ཟས་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ་དང་མི་མེད་གནམ་གྲུས་གསོ་རིག་གི་ཞིབ་དཔྱད་མ་དཔེ་སྐྱེལ་བའི་བརྒྱུད་རིམ་ཧྲིལ་པོ་སྟོན་འགྲེམས་བྱས་པ་རེད།“སྐབས་འཕྲལ་སིལ་ཚོང་སོགས་སིལ་ཚོང་གི་རྣམ་པ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་དེ་བཞིན་རྒྱལ་ནང་གི་བཟའ་བཏུང་ལས་རིགས་སོགས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཕྱི་རྒྱལ་གྱི་སྤུས་དག་ཐོན་རྫས་དང་ཞབས་ཞུ་སྔར་བས་མང་བ་མོས་འདེམས་བརྒྱུད་ཀྲུང་གོའི་འཛད་སྤྱོད་པའི་འཚོ་བར་ཁྱབ་བཞིན་ཡོད”ཅེས་མོས་འདེམས་ཀུང་སིའི་ཙུང་ཚའེ་གཞོན་པ་མའོ་ཧྥང་གིས་བརྗོད་ཅིང་། ཁོང་གིས། ཀུང་སིས་ཚན་རྩལ་གསར་གཏོད་དང་ཚོང་ལས་གསར་གཏོད་ལ་བརྟེན་ནས་མི་རྣམས་ཀྱི་ཉིན་བཞིན་སྤུས་ཚད་ལེགས་སུ་འགྲོ་བ་དང་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པ་སྐོང་གི་རེད་ཅེས་བརྗོད།
ནང་འདྲེན་འགྲེམས་ཚོགས་ཀྱི་གྲོགས་པོ་རྙིང་པ་ཁང་པའོ་ལེ་ཀུང་སིའི་གསར་གཏོད་ཀྱི་གྲུབ་འབྲས་མང་པོ་ཞིག་ཨེ་ཤེ་ཡར་ཐོག་མར་འགྲེམས་སྟོན་བྱས་ཤིང་།“ཀྲུང་གོའི་འཛད་སྤྱོད་པས་ཐོན་རྫས་ཀྱི་བྱེད་ནུས་ལ་དོ་ཁུར་བྱེད་ཀྱི་ཡོད་པ་མ་ཟད། ཚན་རིག་དང་མཐུན་པའི་གཞི་འཛིན་ས་དང་། རང་གཤིས་ཅན་གྱི་ཇུས་གཞི། དེ་བཞིན་མོས་སེམས་གཅིག་མཐུན་བཅས་ཀྱི་ཕྱོགས་བསྡུས་རིན་ཐང་ལ་དོ་ཁུར་བྱེད་ཀྱི་ཡོད། དེས་ཁང་པའོ་ལེ་ཀུང་སི་ཀྲུང་གོའི་ཁྲོམ་རར་འཕེལ་རྒྱས་གཏིང་ཟབ་གཏོང་བར་མཐུན་རྐྱེན་སྦྱར་ཡོད། ང་ཚོས་འཛད་སྤྱོད་དགོས་མཁོའི་འགྱུར་ལྡོག་ལ་དམ་པོར་དམིགས་ཏེ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་དག་ཐོན་རྫས་དང་ཞབས་ཞུ་དེ་བས་མང་བ་མཁོ་འདོན་བྱེད་ཀྱི་ཡིན”ཞེས་ཁང་པའོ་ལེ་ཀུང་སིའི་ཀྲུང་གོའི་ཁུལ་གྱི་ཙུང་ཚའེ་ཚའེ་མོང་ཧུང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།