ཕྱོགས་མང་རིང་ལུགས་ཐད་ཀྲུང་གོར་ཤེས་རྟོགས་ཟབ་མོ་དང་ལག་ལེན་བསྟར་ཤུགས་ཆེན་པོ་ཡོད།
ཨའོ་དབྱི་ཏེང་·ཨོར་ཐེ་ཅ་·ཏུའུ་ལན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཚུན། ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་ལག་ལེན་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་ཡོད།
དེང་གི་ཀྲུང་གོར་ཤེས་རྟོགས་བྱེད་པར། ཀྲུང་གོའི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་དགོས། རི་པིན་དམག་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་ཀྱིས་1931ལོ་ནས་1945ལོའི་བར་ཀྲུང་གོར་བཙན་འཛུལ་དམག་འཁྲུག་བསླངས། ཉེན་ཁའི་སྐབས་སུ། ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་ངོ་རྒོལ་བྱས་ཏེ། ཤ་ཁྲག་གི་ཕུང་པོར་བརྟེན་ནས་མེས་རྒྱལ་ལ་སྲུང་སྐྱོབ་ཀྱིས་དགའ་སྐྱོ་གཉིས་ལྡན་གྱི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་བརྩམས་པར་རྒྱལ་ཁ་རླབས་པོ་ཆེ་ཐོབ་ཡོད། 1949ལོའི་ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ཀྲུང་གོ་དེང་རབས་ཅན་གྱི་དམིགས་ཚད་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ད་ལོ་ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། ལོ་རྒྱུས་ཀྱི་བཞུན་བརྡར་ཐེབས་པའི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་འདིས་རྣམ་པ་གསར་རྐྱང་གི་ཐོག་ནས་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
མིག་སྔར། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་གི་བཀོད་པའི་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། ཀྲུང་གོ་ནི་རྒྱལ་ཁབ་དང་ས་ཁུལ་150ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་ལ་ཁྲོམ་ར་དང་། མ་འཇོག ཉོ་ཚོང་བཅས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གོ་སྐབས་རྒྱུན་མཐུད་སྤྲོད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱིར་བཏང་མིན་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་འབྲེལ་མཐུད་བྱེད་པའི་གནའ་བོའི་དར་གོས་ལམ་བུའི་མཛེས་ལྗོངས་བསྐྱར་དུ་མངོན་པ་དང་། ཁྱབ་འགྱེད་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་། ནང་དོན་དེ་བས་ཕུན་སུམ་ཚོགས་པ། འཆར་གཞི་དེ་བས་བརྗིད་ཉམས་ལྡན་པ་བཅས་ལ་བརྟེན་ནས་ཕྱོགས་མང་རིང་ལུགས་ཐད་ཀྲུང་གོར་ཤེས་རྟོགས་ཟབ་མོ་དང་ལག་ལེན་བསྟར་ཤུགས་ཆེན་པོ་ལྡན་པ་མངོན་ཡོད།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ཚུགས་རང་བརྟེན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། འཛམ་གླིང་སྣེ་མང་ཅན་དར་སྤེལ་གཏོང་བ་དང་སྣེ་རྐྱང་བཀོད་པ་ལས་བརྒལ་བའི་ཕྱོགས་མང་རིང་ལུགས་ཀྱི་སྒྲོམ་གཞིའི་འོག ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཕྱོགས་མང་ལས་སྟེགས་འཛུགས་པའི་ནང་ཞུགས་ནས་འབོ་གསེར་རྒྱལ་ཁབ་རྒྱ་ཆེར་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། གོ་ལ་ཧྲིལ་པོའི་ཐོན་ཁུངས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད། ཉེ་ཆར་འཚོགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་དབུ་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་རྒྱལ་ཁབ་ཁག་དང་མཉམ་དུ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་རྒྱུ་དེ་རེད།
2017ལོར་ཕ་ན་མ་དང་ཀྲུང་གོའི་དབར་ཕྱི་འབྲེལ་དངོས་སུ་བཙུགས་ཤིང་། དེ་ནི་ང་ཚོས་སྤྱི་ཚོགས་ལས་རིགས་ཁག་གི་གཙོ་རྒྱུན་བསམ་འཆར་བསྡུ་རུབ་བྱས་རྗེས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དེར་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ལྡན་ཡོད། ཕ་ན་མས་ཀྲུང་གོ་གཅིག་གི་རྩ་དོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ནན་པོ་ཞུས་ནས་ཐའེ་དབན་དབང་འཛིན་ལས་ཁུངས་དང“ཕྱི་འབྲེལ་གྱི་འབྲེལ་ཐག”ཟེར་བ་དེ་བཅད་ཡོད། རྒྱལ་ཁབ་རེ་ཟུང་གིས“ཀྲུང་གོས་ཕ་ན་མའི་མིས་བཟོས་གཙང་པོ་ཚོད་འཛིན་བྱེད་པ”སོགས་གཞི་འཛིན་ས་གང་ཡང་མེད་པའི་ཤོད་ཚུལ་ལ་དམིགས་ནས། ཕ་ན་མའི་སྲིད་གཞུང་ངམ་ཡང་ན་དམངས་ཚོགས་སུ་འདྲ་ཞིག་ཡིན་རུང་ཚང་མ་ལོག་ལམ་དུ་འཇུག་མི་རུང་། ཕ་ན་མས་ཀྲུང་གོར་འཛིན་པའི་སྲིད་ཇུས་ནི་རྒྱལ་དམངས་ཀྱི་ཁས་ལེན་གྱི་རྩ་བར་གཞི་ཚུགས་པ་སྟེ། དེ་ནི་ཕ་ན་མའི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་་གཞིར་བཟུང་བ་དེར་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མི་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཡིད་ཆེས་མངོན་ཡོད་ལ། དེ་ནི་ཕ་ན་མའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ཞིག་ཏུ་འགྱུར་ངེས་རེད།
(རྩོམ་པ་པོ་ནི་ཕ་ན་མའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་དང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེ་མོ་ཟུར་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།