གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྐད་ཆ་ཤོད་རེས་ཀྱི་གླེང་སྟེགས་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་གཉེར་བ།
ཚེས་3ཉིན། གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྐད་ཆ་ཤོད་རེས་ཀྱི་གླེང་སྟེགས་པར་ཙིར་གྱི་ལི་གཡོད་རེ་ནེ་ལུའུ་རུ་གཉེར་ཞིང་། གོ་ལ་ཧྲིལ་པོའི་གྲོང་ཁྱེར་20ཙམ་གྱི་འཐུས་མིས“ལྷོ་ཕྱོགས་ཀྱི་བློ་གྲོས་གཅིག་སྡུད་ཀྱིས་ལྗང་མདོག་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ད་ཐེངས་ཀྱི་སྐད་ཆ་ཤོད་རེས་ཀྱི་གླེང་སྟེགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་འོག་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་གོའི་གྲོང་ཁྱེར་དང་རྒྱལ་ཁབ་གཞན་དག་གི་གྲོང་ཁྱེར་དབར་སྤེལ་རེས་དང་སྐད་ཆ་ཤོད་རེས་ཀྱི་ལས་སྟེགས་བཏོད་དེ། གོ་ལ་ཧྲིལ་པོའི་ཉམས་མྱོང་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་འབྱུང་འགྱུར་ལ་དམིགས་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དེ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་གནམ་གཤིས་བྱ་སྤྱོད་ཀྱི་དམིགས་བསལ་བློ་འདྲི་བ་སེར་ཝུན·ཧ་ཐེ་ཡིས། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་མོད། འོན་ཀྱང་དྲང་སྙོམས་དྲང་གཞག་གི་ཐག་གཅོད་ཇུས་གཞི་ཉུང་བ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་བསྡུ་སྒྲིལ་མི་འདང་བ་སོགས་ཀྱི་འགྲན་སློང་སྔར་བཞིན་གནས་ཡོད། མིག་སྔར་མཐུན་སྒྲིལ་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མི་མངོན་པའི་ནུས་པ་གང་མགྱོགས་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་བརྗོད་པ་རེད།
C40གྲོང་ཁྱེར་གནམ་གཤིས་འགོ་ཁྲིད་མནའ་འབྲེལ་གྱི་ལག་བསྟར་ཙུང་ཚའེ་མཱ་ཁེ·ཝོ་ཚེ་ཡིས། གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་ཡིན་པས་གྲོང་ཁྱེར་དབར་གྱི་མཉམ་ལས་ནི་ལྷོ་ཕྱོགས་རྒྱལ་ཁབ་ལ་འཕྲད་པའི་དངུལ་རྩ་དང་ལག་རྩལ་གྱི་འགྲན་སློང་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།