ད་ལོའི་དྲོད་ལེན་གྱི་ནུས་རྒྱུ་མཁོ་སྤྲོད་སྤྱིའི་ཆ་ནས་དོ་སྙོམས་ཡོད་པ།
མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་རྒྱུ་ཡིན་པ།
གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ད་ལོའི་དགུན་སྒྲོལ་ལས་དོན་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ་ནུས་རྒྱུ་མཁོ་སྤྲོད་དང་། ཐོན་ཁུངས་གསོག་འཇོག འཕྲལ་སྡོམ་བཀོད་གཏོང་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱེད་པ་ནས་འགོ་བཙུགས་ཏེ་ད་ལོའི་དྲོད་གཏོང་དུས་ཚིགས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པར་ད་ལོའི་དྲོད་ལེན་གྱི་ནུས་རྒྱུ་མཁོ་སྤྲོད་སྤྱིའི་ཆ་ནས་དོ་སྙོམས་པོ་ཡོད་པས་དམངས་འཚོའི་ཐད་སྤྱོད་པའི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་བྱུང་བ་དང་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།
མཁོ་འདོན་བྱེད་ནུས་ཆེ་རུ་བཏང་ཞིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་མ་བཅོས་རྡོ་སོལ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཚད་དུས་མཚུངས་ལས་2.0%དང་6.4%སོ་སོར་འཕར་བ་དང་། ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་37.2ཟིན་པ་དེ་དུས་མཚུངས་ལས་18%འཕར་བ། ཟླ་10པ་ཚུན་དུ་རྒྱལ་ཁབ་ལྕགས་ལམ་གྱི་གློག་སྤྱོད་རྡོ་སོལ་བླུག་ཚད་ཉིན་རེར་ཆ་སྙོམས་མེ་འཁོར་ཁྲི་5.6གི་ཆུ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
གྲབས་གསོག་རྨང་གཞི་བརྟན་དུ་བཏང་ཞིང་། ཟླ་10ཚེས་27ཉིན་བར་རྒྱལ་ཡོངས་ཀྱིས་གློག་ཁང་དུ་ཡོད་པའི་རྡོ་སོལ་ཏུན་དུང་ཕྱུར་2.2གཅིག་གྱུར་བཀོད་གཏོང་བྱས་པར་ཉིན་35ཡན་སྤྱོད་ཆོག་པ་དང་། ས་འོག་སོལ་རླངས་མཛོད་ཀྱིས་ལོ་འཁོར་གྱི་སོལ་རླངས་གྲབས་གསོག་ལས་འགན་ལེགས་གྲུབ་ཟིན་ནས་དགུན་སྒྲོལ་ཐུབ་རྒྱུ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་ཡིན་ཞིང་། གཅིག་ནས་སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། དྲོད་གཏོང་དུས་ཚིགས་རིང་ཉིན་རེར་བཀོད་གཏོང་དང་གཟའ་འཁོར་རེར་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དང་ཁེ་ལས་ཀྱི་མཁོ་སྤྲོད་འགན་ལེན་གྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་དུས་ཐོག་ཏུ་མཁོ་སྤྲོད་ཀྱི་འགལ་བ་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ་དང་། གཉིས་ནས་ནུས་རྒྱུ་ཐོན་སྐྱེད་མཁོ་སྤྲོད་འགན་ལེན་བྱས་ཏེ་ནུས་རྒྱུའི་ཐོན་ཁུངས་བདེ་འཇགས་ངང་ཐོན་འཕར་བརྟན་པོ་དང་རིགས་ཁག་གི་གློག་འདོན་འཕྲུལ་ཆས་ཚང་མ་ནས་གློག་གཏོང་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནས་ནུས་རྒྱུའི་དུས་ཡུན་འབྲིང་རིང་གི་གན་རྒྱ་ལག་བསྟར་ནན་པོ་བྱས་ཏེ་དམངས་འཚོའི་ཐད་སྤྱོད་པའི་ནུས་རྒྱུ་འདང་ངེས་མཁོ་འདོན་བརྟན་པོ་བྱ་རྒྱུ། བཞི་ནས་དགོས་མཁོ་ཆེ་ཤོས་སྐབས་ཀྱི་མཁོ་སྤྲོད་འགན་ལེན་དང་འཕྲལ་སྡོམ་འགན་ལེན་ཡག་པོ་བྱས་ཏེ། གྲབས་གསོག་སྙོམས་སྒྲིག་གི་ནུས་པ་ཡག་པོ་འདོན་པ་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་སྒྲོལ་བའི་གློག་ཤུགས་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས། དྲོད་ཚད་དམའ་བ་དང་གངས་འཁྱགས་སོགས་ཀྱི་གནམ་གཤིས་ངན་པར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱ་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།