དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕ་ན་མའི་དཔོན་རིགས་ཀྱིས་བརྗོད་དོན།

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མིས་བཟོས་གཙང་པོའི་ཟམ་ཆེན་བཞི་པར་ཕ་ན་མ་བས་སྤོབས་པ་ཆེན་པོ་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-07

    ཤིན་ཧྭ་གསར་འགྱུར་ཁང་ཕ་ན་མ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་དང་ཀྲུང་གོ་མཚོ་ཁུག་མཉམ་གཉེར་སྒྲིག་གཞིས་སྐྲུན་འགན་འཁུར་བའི་ཕ་ན་མའི་མིས་བཟོས་གཙང་པོའི་ཟམ་ཆེན་བཞི་པའི་ལྕོག་རྟེན་ཤར་མའི་འདེགས་སྟེགས་ཀྱི་བང་རིམ་དང་པོའི་ཨར་འདམ་ཟླ་11ཚེས་1ཉིན་དངོས་སུ་ལུགས་རྒྱག་འགོ་ཚུགས་པ་དེ་ཐོག་ནས་ཕ་ན་མའི“ལས་གྲྭ་གལ་ཆེ་ཤོས”དེའི་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་ཐོབ་པ་མཚོན་གྱི་ཡོད་པ་རེད།

    ཕ་ན་མའི་པུའུ་ཀྲང་རིམ་པའི་དཔོན་རིགས་མང་པོ་ཞིག་ལུགས་རྒྱག་པའི་མཛད་སྒོར་ཞུགས་ཤིང་། སྤྱི་པའི་ལས་གྲྭ་པུའི་པུའུ་ཀྲང་ཧོ་སའེ·ལུའུ་དབྱི་སི·ཨན་ཏེ་ལཱ་ཏེས་གཏམ་བཤད་སྤེལ་སྐབས་འདི་ནི་ཟམ་ཆེན་བཞི་པ་འཛུགས་སྐྲུན་ཁྲོད་ལོ་རྒྱུས་རང་བཞིན་གྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། “དེ་རིང་ང་ཚོས་རང་ཉིད་ཕ་ན་མའི་མི་ཞིག་ཡིན་པར་སྔོན་ཆད་དུས་གང་ཞིག་ལས་ཀྱང་སྤོབས་སེམས་ཆེ་བ་སྐྱེ་ཡི་འདུག”ཅེས་བརྗོད་པ་རེད།

    ཨན་ཏེ་ལཱ་ཏེས་ངོ་སྤྲོད་བྱས་དོན། ཟམ་ཆེན་བཞི་པ་དེ་2028ལོའི་ཟླ་10པར་ལས་མཇུག་འགྲིལ་བཟོ་ཡོད་པ་དང་། མིག་སྔར་རྣམ་གྲངས་ཧྲིལ་པོའི་27%ལྷག་ཙམ་ལེགས་གྲུབ་བྱུང་སྟེ་སྔོན་དཔག་དམིགས་ཚད་དང་མཐུན་ཡོད། ཁོང་གིས་ཟམ་ཆེན་བཞི་པ་དེ་ནི“རྒྱལ་ཡོངས་ཀྱི་ལས་གྲྭ་གལ་ཆེ་ཤོས”དེ་རེད། ཟམ་པ་དེས་མེ་གླིང་བྱང་མ་དང་མེ་གླིང་ལྷོ་མ་འབྲེལ་མཐུད་དང་ཤར་ནུབ་ངོགས་གཉིས་འབྲེལ་མཐུད་ཐུབ་པས། ཡུལ་མིའི་འཚོ་བ་ལེགས་སུ་ཤུགས་ཆེན་འགྲོ་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།