དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་འགན་བཅོལ་གྱི་དྲ་བ་ཚགས་དམ་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་དམ་པོར་དམིགས་པ་དང་། “གཞི་རྩ་འགན་ལེན་དང་། མཐའ་ཚད་སྐྱོང་བ། དྲང་གཞག་ལ་སྐུལ་འདེད”བཅས་དམིགས་ཚད་དུ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པ་ནས“རྒན་གཅིག་བྱིས་གཅིག”ལ་གཅེས་སྐྱོང་བྱེད་པའི་བར་དང་། སྨན་བཅོས་འགན་ལེན་རིམ་སྤོར་ནས་ཞབས་ཞུ་ལེགས་གཏོང་བར་དངོས་སྒྲུབ་ཀྱི་བྱ་ཐབས་ལ་བརྟེན་ནས་དམངས་འཚོའི“བདེ་འཇགས་རགས་ཆེན”བརྟན་དུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།

    “མ་མཐའི་འཚོ་བ་འགན་ལེན་གྱི་ཁ་གསབ་ཡོད་པས་གཞི་རྩའི་འཚོ་བར་སེམས་ཁྲལ་བྱེད་དགོས་མེད། དེས་མ་ཚད་སྲིད་གཞུང་གི་ལས་དོན་མི་སྣས་རྟག་ཏུ་ལྟ་བར་ཡོང་གི་ཡོད་པས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་བཀྲ་ཤིས་སྒང་ཤང་རྣམ་རྒྱལ་གླིང་གྲོང་ཚོའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་སྤེན་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བསམ་ཚུལ་བརྗོད། ད་ལོ་ནས་བཟུང་མལ་གྲོ་གུང་དཀར་རྫོང་གིས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལ་གནད་སྨིན་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་1409ཡི་མི་2145ལ་ཁ་གསབ་སྒོར་ཁྲི་795.81སྤྲད་པ་དང་། དབང་པོ་སྐྱོན་ཅན་859ལ་ཆེད་དོན་ཁ་གསབ་སྒོར་ཁྲི་188.14སྤྲད་པ། རྒན་རྒོན་5560ལ་བདེ་སྐྱིད་ལྡན་པའི་རྒན་གསོའི་དངུལ་སྒོར་ཁྲི་1185.15སྤྲད་པ་རེད།

    “ནད་གཞི་སྨན་བཅོས་བྱས་རྗེས། སྨན་རིན་རྩིས་ཞུ་ཐུབ་པ་མ་ཟད། ད་དུང་རོགས་རེས་འགན་བཅོལ་གྱི་ཐ་སྐྱོང་ཡང་ཡོད་པས་སྨན་བཅོས་མི་ཐུབ་པའི་སེམས་ཁྲལ་གང་ཡང་མེད”ཅེས་ཐང་སྐྱ་ཤང་གི་ཡུལ་མི་སྤེན་པ་ཆོས་སྒྲོན་གྱིས་བཤད་པ་དང་། དེ་ཐོག་ནས་མལ་གྲོ་གུང་དཀར་རྫོང་གི་སྨན་བཅོས་འགན་བཅོལ་གྱི་ཕན་འབྲས་དངོས་མཚོན་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་མལ་གྲོ་གུང་དཀར་རྫོང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་། སྒོར་ཁྲི་600བཏང་ནས་སྨན་བཅོས་རོགས་རེས་འགན་བཅོལ་ཉོས་ཏེ་སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་མི་ཐུབ་པའི་དངུལ་གྱི་ཆ་ཤས་གསབ་སྟེ“ནད་རྐྱེན་དབུལ་ཆགས”སྔོན་འགོག་བྱས་པ་རེད། རྫོང་སྨན་རྩིས་ཁང་གིས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཐོགས་མེད་བགྲོད་ལམ་བཏོད་དེ་སྔོན་ལ་ནད་བརྟག་སྨན་བཅོས་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐྱོང་ཞབས་འདེགས་ཞུས་ནས་མང་ཚོགས་སྨན་པ་བསྟེན་པར་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།