དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཧྲན་ཏུང་བོད་སྐྱོར་ལས་པ་སྣམ་རྫོང་བན་ཚང་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་བ།

    “སྔོ་ཚལ་སྣ་ཁ་གསུམ”འདེབས་པ་ནས“ས་མཐོའི་སྔོ་ཚལ་གྱི་ཕ་ཡུལ”ལ་གྱུར་པའི་བར་གྱི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    འདི་ནི་ཚན་རྩལ་ཆེད་མངགས་པ་བུ་ཆུང་གིས་དྲོད་ཁང་ཆེན་པོར་ཀྲོ་མ་ཀྲུ་ཆུང་ཆུང་འཐུ་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་དྲོད་ཁང་ཆེན་པོ་ཡུག་གཅིག་ཏུ་སྦྲེལ་ཞིང་ཤིང་ཏོག་དང་སྔོ་ཚལ་གྱི་དྲི་ཞིམ་ལམ་ལམ་དུ་འཐུལ་བཞིན་མཆིས། དྲོད་ཁང་ཆེན་པོའི་ནང་སེའུ་དམར་དང་། འབྲས་བུ་མེ་ཏོག སོ་ལོ་སྔོན་པོ། ཀྲོ་མ་ཀྲུ ཤིས་ཀྭ་སོགས་ཤིང་ཏོག་དང་སྔོ་ཚལ་སྣ་ཚོགས་ཀྱིས་ཁེངས་ཤིང་། འདི་གར་མི་རྣམས་ཀྱིས“ནས་ཀྱི་ཕ་ཡུལ”ཞེས་འབོད་སྟངས་ལ་སྲོལ་རྒྱུན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    “སྔོན་ཆད། ང་ཚོའི་གྲོང་ཚོ་ནི་པ་སྣམ་རྫོང་ཁོངས་ནས་གྲོང་ཚོ་དབུལ་ཤོས་ཀྱི་གྲས་ཤིག་རེད། གྲོང་ཚོའི་མི་རབས་ནས་མི་རབས་ཀྱིས་སྔོ་ཚལ“སྣ་ཁ་གསུམ”(ཞོག་ཁོག་དང་། ལ་ཕུག པད་ཚལ)ལས་འདེབས་ཀྱི་མེད་པས། ཐོན་ཚད་དམའ་ལ་ཁེ་བཟང་ཡང་ཆུང་བས། གྲོང་མིའི་འཚོ་བའང་སྐྱོ་པོ་ཡོད”ཅེས་ལོ་78ལ་སླེབས་པའི་བན་ཚང་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་སྤེན་པ་དོན་གྲུབ་ཀྱིས་བརྗོད། “ང་ལོ་50ལ་མ་སླེབས་གོང་དུ། ཞོག་ཁོག་དང་། ལ་ཕུག པད་ཚལ་བཅས་མ་གཏོགས་མཐོང་མྱོང་མེད། སྔོ་ཚལ་གཞན་དག་ཟ་རྒྱུ་ནི་ཉིན་མོའི་རྨི་ལམ་རང་རེད”ཅེས་ཁོང་གིས་བརྗོད།

    ད་ཆ། བན་ཚང་གྲོང་ཚོའི་ཡུལ་མི་ཚོས་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་ཡོད། 2024ལོར། བན་ཚང་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.97ཟིན་ནས་ལོ་བཅུ་བསྟུད་མར་རྫོང་ཡོངས་ཀྱི་ཨང་དང་པོར་བརྟན་པོའི་ངང་གནས་པ་དང་། དུས་ཡུན་རིང་པོ་ཞིག་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    སྤེན་པ་དོན་གྲུབ་ནི་1967ལོར་གྲོང་ཚོའི་ལས་བྱེད་པ་བྱས་པ་དང་2017ལོར་རྒན་ཡོལ་ཞུས། ཁོང་གིས་བན་ཚང་གྲོང་ཚོ་དབུལ་པོ་ནས་ཕྱུག་པོའི་ལམ་དུ་སྐྱོད་པའི་བདེན་དཔང་བྱས་ཡོད།

    1998ལོར། སྤེན་པ་དོན་གྲུབ་ཀྱིས་བན་ཚང་གྲོང་ཚོའི་མང་ཚོགས་ཁག་གཅིག་གི་སྣེ་ཁྲིད་དེ་སྔོ་ཚལ་དྲོད་ཁང་ཆེན་པོ་དྲུག་བསྐྲུན་ནས་སྔོ་ཚལ་ཐོན་ལས་མེད་པ་ནས་ཡོད་པའི་བར་གྱི་འཚོལ་ཞིབ་ལམ་བུ་གཏོད་འགོ་ཚུགས།

    ལོ་དང་པོར། ལག་རྩལ་ཡག་པོ་མི་ཤེས་པའི་དབང་གིས་མྱུ་གུ་གསོན་ཚད་ཧ་ཅང་ཁག་པོ་འདུག

    ཕྱི་ལོར་ཧྲན་ཏུང་གི་བོད་སྐྱོར་ལག་རྩལ་པས་ཡུལ་མིར་ལག་རྩལ་དམར་ཁྲིད་བྱས་ནས་ཧོང་ཀྭ་དང་། ཀྲོ་མ་ཀྲུ སོ་ལོ་སྔོན་པོ་བཅས་འདེབས་འགོ་བརྩམས།

    2001ལོར། མུའུ་རེའི་ཐོན་ཚད་ལྡབ་ཁ་ཤས་འཕར་བ་དང་ཡུལ་མི་ཚོས་སྔོ་ཚལ་འདེབས་འཛུགས་ཀྱི་ཕན་འབྲས་ཉམས་སུ་མྱོང་རྒྱུ་བྱུང་བ་མ་ཟད། ཡུལ་མི་དེ་བས་མང་བ་འདེབས་འཛུགས་ནང་ཞུགས་ནས་ཆེད་ལས་ཅན་གྱི་དྲོད་ཁང་ཆེན་པོའི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ཡོད།

    2004ལོར། ཐོན་ལས་ལ་ཁེ་སྤོགས་བྱུང་ནས་འདེབས་འཛུགས་དུད་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཟིན་ཞིང་། ཡུལ་མི་ཚོས“ཤིང་ཏོག་དང་སྔོ་ཚལ་གྱི་ལྕགས་ཕོར”བརྟན་པོ་ཞིག་དངོས་འབྲེལ་བཙུགས་ཐུབ་པ་བྱུང་ཡོད།

    ལོ་བཅུ་གྲངས་རིང་། བན་ཚང་གྲོང་ཚོའི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ལྷག་པར་དུ་ཤིས་ཀྭ་དང་། ཀྲོ་མ་ཀྲུ སོ་ལོ་སྔོན་པོ་སོགས་མི་མང་པོས་ཉོ་རྒྱུའི་ཡིད་དབང་བཀུག་ཡོད།

    2021ལོར། བན་ཚང་གྲོང་ཚོར་ཤིང་འབྲས་དང་སྔོ་ཚལ་གྱི་གྲང་ཕྲེང་མཛོད་སྐྲུན་འགོ་ཚུགས་ནས་དྲོད་ཚད་དམའ་བའི་ཁོར་ཡུག་ཏུ་སོས་ཉར་དུས་ཡུན་རིང་དུ་བཏང་བ་བརྒྱུད། སྤུས་ཚད་འགན་སྲུང་ཐུབ་ཡོད།

    2024ལོར། བན་ཚང་གྲོང་ཚོས་སེའུ་དམར་དང་། རྒུན་འབྲུམ། འབྲས་བུ་མེ་ཏོག་སོགས་ཟུར་སྣོན་རིན་ཐང་ཆེ་བའི་རིགས་ནང་འདྲེན་བདེ་བླག་ངང་བྱས་ཡོད།

    “སྐབས་དེ་དུས་གསར་དུ་ནང་འདྲེན་བྱས་པའི་སེའུ་དམར་དང་རྒུན་འབྲུམ་སོགས་མཐོང་སྐབས་ངས་སྔོ་ཚལ་ཐོག་མར་འདེབས་འཛུགས་བྱས་པ་ལྟར་ང་ཚོས་འདེབས་ཐུབ་པའི་ཡིད་ཆེས་བྱས་པ་ཡིན”ཞེས་བན་ཚང་གྲོང་ཚོར་ལོ་23གཞིས་ཚུགས་པའི་ཚན་རྩལ་ཆེད་མངགས་པ་བུ་ཆུང་གིས་དྲན་གསོ་བྱེད་བཞིན་བརྗོད།

    ཕྱིར་ཚོང་ལམ་བུ་ཡངས་སུ་གཏོང་ཆེད། བན་ཚང་གྲོང་ཚོའི་ཏང་ཀྲི་པུས་རྒྱལ་ལམ་349རྒྱུད་ཀྱི་ལེགས་ཆར་བརྟེན་ནས་མཚོན་རྟགས་གཅིག་གྱུར་སྦྱར་བའི་རིན་མེད་སྒུལ་བདེའི་ཁྲོམ་བཀྱག་41བཙུགས་ནས“གཞུང་ལམ་དཔལ་འབྱོར”འཕེལ་རྒྱས་བཏང་བ་རེད།

    ད་ཆ། ཧྲན་ཏུང་བོད་སྐྱོར་ཤེས་ལྡན་པའི་རོགས་སྐྱོར་དང་། རྣམ་གྲངས་ཀྱི་རོགས་སྐྱོར། ལག་རྩལ་ནང་འདྲེན་བཅས་ལ་བརྟེན་ནས་བན་ཚང་གྲོང་ཚོར་ད་ཆ་དྲོད་ཁང་ཆེན་པོ་174ཡོད་པ་དང་། ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་74.34ཟིན་པ། ཆ་སྙོམས་དུད་ཚང་རེར་དྲོད་ཁང་ཆེན་པོ་4ཡོད་པ། དྲོད་ཁང་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཟིན་གྱི་ཡོད། ཤིང་ཏོག་དང་སྔོ་ཚལ་ཐོན་ལས་བན་ཚང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་མིར་འབབ་འཕར་ཡོང་བའི་ཀ་རྟེན་ཐོན་ལས་སུ་གྱུར་ཏེ། ཤིང་འབྲས་དང་སྔོ་ཚལ་གྱི་ཡོང་འབབ་ཀྱིས་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་52%བཟུང་ཡོད།

    ད་ཆ། བན་ཚང་གྲོང་ཚོ་དེ་ཉིད“ས་མཐོའི་སྔོ་ཚལ་གྱི་ཕ་ཡུལ”དུ་གྱུར་ཞིང་། འགོ་འཛུགས་ས་གསར་པར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་ལ་ཕུགས་ཀྱི་ཐབས་ཇུས་ཤིག་ཡོད་པ་སྟེ། “བན་ཚང་གྲོང་ཚོས་ཁྱད་ལྡན་ཐོན་ལས་ལས་སྣོན་གཏིང་ཟབ་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་རྒྱུ་དང་། ཞིང་སྡེའི་མཛེས་ལྗོངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ། ཡུལ་མི་ཚོར་ཁྱིམ་གྱི་སྒོ་རྩ་ནས‘ཡུལ་སྐོར་གྱི་ཡོང་འབབ’གསོག་ཐུབ་པ་བྱ་རྒྱུ། ཞིང་ལས་ཤེས་པ་དང་གྲོང་གསེབ་ལ་དགའ་ཞེན་ཡོད་པའི་གཞོན་ནུ་ལས་བྱེད་པ་མུ་མཐུད་སྐྱེད་སྲིང་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཡུན་རིང་སྒུལ་ཤུགས་སྣོན་རྒྱུ་བཅས་རེད”

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།