དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་མཐོའི་དེང་རབས་ཞིང་ལས་ལ་སྟོན་གྱི་འབྲས་བཟང་སྨིན་པ།

    ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི“འཐུ་འཐོག་དཔལ་འབྱོར”གྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    གསེར་མདོག་གི་སྟོན་ཟླ་དགུ་པར། ལྷ་སའི་ལུང་གཞུང་རྒྱུད་དུ་གནས་པའི་ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་ལོ་གཅིག་གི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་དུས་ཚིགས་བསུས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ཚད་གཞི་དང་ངོམ་སྟོན་སྐར་ཁུང་ཡིན་པའི་ངོས་ནས་ཚན་རྩལ་དང་རང་བྱུང་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་པའི་ས་གཙང་དེར་སྟོན་གྱི་འབྲས་བཟང་སྨིན་ནས་གང་སར་དགའ་སྤྲོའི་རྣམ་པས་ཁེངས།

    ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་Cསྟར་པར་ཀྲོ་མ་ཀྲུ་ཆུང་ཆུང་བཏབ་པའི་འགྱིག་ཤོག་དྲོད་ཁང་དུ་སྐྱོད་སྐབས། གང་སར་ཀྲོ་མ་ཀྲུའི་དྲི་ཞིམ་འཐུལ་བ་མ་ཟད། ཚན་རིག་དང་མཐུན་པའི་འཆར་འགོད་དང་གཡོག་བྱེད་ཞིབ་ཚགས་འོག་སྐྱེ་འཚར་ཤིན་ཏུ་ལེགས། ས་མཐོའི་ཐུན་མིན་ཉི་འོད་ཀྱི་ལེགས་ཆ་དང་འགྱིག་ཤོག་དྲོད་ཁང་ཆེན་པོའི་དྲོ་གྲང་སྙོམ་པའི་ཁོར་ཡུག་བཅས་ལས། འདི་གར་བཏབ་པའི་ཀྲོ་མ་ཀྲུ་ཆུང་ཆུང་གི་ཚོས་གཞི་ཡག་ལ་བྲོ་བ་ཞིམ་པོ་ཡོད་པས། འཛད་སྤྱོད་པས་རྒྱ་མ་གང་ལ་སྒོར་15སྤྲད་ནས་ཐད་ཀར་འཐུ་མཁན་མང་པོ་ཡོད།

    དཔེ་སྟོན་ཁུལ་དེའི་ལས་དོན་པ་སྐལ་བཟང་སྒྲོལ་དཀར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྭ་རིགས་དང་ཤིང་ཏོག་ཐོན་ལས་གླིང་ནི་ཁྱད་ལྡན་ཀྭ་རིགས་དང་ཤིང་ཏོག་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་འཐུ་འཐོག་ཉམས་ལེན་རྟེན་གཞི་ཞིག་ཡིན་ཞིང་། དེར་ས་བཟུང་རྒྱ་ཁྱོན་མུའུ་273ཡོད། དེའི་ནུས་པ་གཙོ་བོ་ནི་འབྲི་ཏ་ས་འཛིན་དང་ཤིས་ཀྭ་སོགས་ས་མཐོའི་ཁྱད་ལྡན་ཀྭ་རིགས་དང་ཤིང་ཏོག་འདེབས་འཛུགས་དང་། གྲང་ཕྲེང་མཛོད་ཉར། ཕ་མ་བུ་ཕྲུག་གི་འཐུ་འཐོག དྲ་ཚོང་ཐད་གཏོང་སོགས་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་གཏོང་བ། ཞིང་ལས་ཐོན་རྫས་སྤུས་རྟགས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་དེ་རེད། “ད་ལྟ་འདེབས་འཛུགས་བྱེད་ཆོག་པའི་རྒྱ་ཁྱོན་མུའུ་300ཙམ་ཟིན་ཡོད། གཡོག་བྱེད་ཡག་པོ་བྱས་པས། ད་ལོ་ལོ་ལེགས་ཡག་པོ་འདུག”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བརྗོད།

    “གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་ནི་འགག་རྩ་ཡིན”ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་སྤྲོ་གསེང་འཐུ་འཐོག་ལས་རིགས་ལས་གྲོང་མི་དང་ཡུལ་སྐོར་བ་ཚོར་ཞིང་ནང་གི་སྤྲོ་སྣང་སྦྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་སྟེ། ས་གནས་དེ་གའི་ཞིང་ལས་ཐོན་ལས་རིམ་སྤོར་དང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དེ་ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག ཡུལ་སྐོར་བཅས“ཕྱོགས་བཞི་གཞི་གཅིག”གི་མཉམ་འདྲེས་འཕེལ་རྒྱས་ཀྱི་ས་གཙང་བདེ་ཐང་ཐོན་ལས་གླིང་ཁུལ་ཞིག་ཡིན་པའི་ངོས་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་བར་གཞོལ་བཞིན་ཡོད།

    མི་དེ་བས་མང་བས་གླིང་ཁུལ་གྱི་སྤུས་ལེགས་ཤིང་ཏོག་དང་སྔོ་ཚལ་གྱི་བྲོ་བ་མྱོང་ཆེད། གླིང་ཁུལ་གྱིས་ད་དུང་ཕྱིར་ཚོང་ཐབས་ལམ་ཡངས་སུ་བཏང་ཞིང་། སྲོལ་རྒྱུན་གྱི་དྲ་ཕྱིའི་སྡེབ་ཚོང་དང་སིལ་ཚོང་ཕུད། གླིང་ཁུལ་གྱིས་ད་དུང་འཐུ་འཐོག་ཉམས་ལེན་བྱེད་སྒོ་སྤེལ་ནས། གྲོང་མི་དང་ཡུལ་སྐོར་བ་དེ་བས་མང་བས་ཞིང་ནང་གི་སྤྲོ་སྣང་མྱོང་བའི་ཡིད་དབང་བཀུག་སྟེ། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།