“ཆ་འཕྲིན་དྲ་བ”ཚགས་དམ་དུ་བཏང་ནས་འཚོ་བ་གསར་པར་མཐུན་རྐྱེན་སྦྱོར་བ།
བོད་ཀྱི་འཕྲིན་གཏོང་འཕེལ་རྒྱས་ཀྱིས་མི་དམངས་ལ་ཕན་པ་སྐྲུན་པའི་སྐོར་བཀོད་པ།

འདི་ནི་ཉེ་ཆར་འཕྲིན་གཏོང་ལས་དོན་པས་སྨར་ཁམས་རྫོང་རོང་མེ་གྲོང་རྡལ་ལ་འོག་གྲོང་ཚོའི་གྲོང་མིའི་ཁྱིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་འཕྲིན་གཏོང་དགོས་མཁོ་ཤེས་རྟོགས་བྱེད་བཞིན་པ།

འདི་ནི་བོད་ལྗོངས་གློག་འཕྲིན་ཀུང་སིའི་ཨར་ལས་མི་སྣས་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྒྱུ་ཆ་དབོར་བཞིན་པ།
ད་ལོ་ནི་རང་རྒྱལ་དུ་5Gབྱང་བུ་སྤྲད་ནས་ལོ་6འཁོར་བའི་ལོ་ཞིག་ཡིན་པས། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཕྲིན་གཏོང་ལྟ་འདོམས་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ《5Gགཞི་ཁྱོན་ཅན་གྱི་བཀོལ་སྤྱོད“གྲུ་གཡོར་འགེལ་བའི”བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི(2025ལོ་ནས་2027ལོ་བར)》བཀྲམ་ཤིང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ཀྱི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་སྟེ། སྲིད་འཛིན་གྲོང་ཚོ(གྲོང་ལྷན)ལ་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་ཚད་4%ནས་100%བར་འཕར་བ་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་སྤྱིར་མེད་པ་ནས་100%བར་འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
མིག་སྔར། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་90.4%ལ་5Gདྲ་རྒྱ་ཤར་གཏོང་ཐུབ་པས། རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཕྲིན་གཏོང་རྗེས་ལུས་ཀྱི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
2017ལོ་ནས་2024ལོ་བར། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི“གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་རྣམ་གྲངས”ཀྱི་སྐྲུན་འགན་འཁུར་ཡོད།
བོད་ལྗོངས་སྒུལ་བདེ་ནག་ཆུ་ཡན་ལག་ཀུང་སིའི་ཐུབ་བསྟན་དོན་བཟང་གིས་ཚོགས་པའི་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་གྱི་ཆུས་1དང་རྫོང་10ཡི་ཐག་རིང་ལུང་ཁུག་གྲོང་ཚོར་སྦྲེལ་ཚུགས་466བསྐྲུན་ཡོད། ཁོང་ཚོས“གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་རྣམ་གྲངས”དམ་འཛིན་བྱ་གཞིར་བྱས་ནས། 5Gདྲ་རྒྱ་སྲིད་འཛིན་གྲོང་ཚོར་ཁྱབ་པར་སྐུལ་འདེད་མགྱོགས་སུ་བཏང་སྟེ། ཞིང་ལས་ཐོན་སྐྱེད་ཁུལ་དང་ལས་སྣོན་ཁུལ་དུ་དྲ་རྒྱ་ཁྱབ་ཚད་རྒྱུན་མཐུད་མཐོ་རུ་བཏང་ཡོད།
2024ལོར། བོད་ལྗོངས་གློག་འཕྲིན་གཞིས་རྩེ་ཡན་ལག་ཀུང་སིས་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་ཀ་ལིང་སྒང་གྲོང་ཚོའི་རྐ་ཆུ་གཞུང་གི་སྐྲུན་འགན་ཁུར་བ་རེད། ས་ཚིགས་དེ་ས་བབ་སྨི་4200ཟིན་པའི་གྲོག་རོང་ཁུལ་གྱི་རི་འདབས་སུ་གནས་པ་དང་། ཨར་ལས་བྱ་ཡུལ་འགྲོ་ལམ་མེད་པས་སྒྲིག་ཆས་ཚང་མ་མིས་དབོར་དགོས་ཀྱི་ཡོད།
བརྡ་རྟགས་ཁྱབ་པའི“མཐའ་མའི་འགག་གནད”སེལ་ཆེད། གཞིས་རྩེ་ཡན་ལག་ཀུང་སིས་ཆེད་དོན་འགག་སྒྲོལ་རུ་ཁག་བཙུགས་ནས་ཇུས་གཞི་ཞིབ་ཕྲ་བཟོས་ཏེ། ས་གནས་ས་ཐོག་ཏུ་རྩད་ཞིབ་དང་མཐུན་སྦྱོར་ཐེངས་མང་བྱས་ནས་མི་དང་ཡོ་བྱད་སོགས་ཀྱི་དཀའ་གནད་བསལ་ཏེ། ཚོགས་པས་མཉམ་ལས་ཉིན་24བྱས་པ་བརྒྱུད་ས་ཚིགས་དེར་བརྡ་རྟགས་ཁྱབ་པར་བྱས་ཡོད།
ལྗོངས་ཡོངས་ཀྱི་འཕྲིན་གཏོང་བརྡ་རྟགས་སྤུས་ཚད་སྔར་བས་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་གཙོ་གནད་ས་ཆར་5Gཁྱབ་རྒྱ་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱིས“བརྡ་རྟགས་ཡག་པ་དང་། སྤྱོད་སྐབས་མགྱོགས་པ། ནུས་པ་ཆེ་བ”བཅས་ཀྱི་སྤུས་ཚད་མཐོ་བའི་དྲ་རྒྱའི་ཞབས་འདེགས་ཞུ་རྒྱུ་དམིགས་ཚད་དུ་བྱས་ནས“བརྡ་རྟགས་རིམ་སྤོར”གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། བྱ་སྤྱོད་དེས་རིག་གནས་ཡུལ་སྐོར་དང་། འགྲིམ་འགྲུལ། སློབ་གསོ་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཙོ་གནད་ས་ཆ་རིགས་12ལ་དམིགས་པའི་དྲ་རྒྱ་མགྱོགས་སུ་བཏང་བ་རེད།
“གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་རྣམ་གྲངས”དང“བརྡ་རྟགས་རིམ་སྤོར”གྱི་ཆེད་དོན་བྱ་སྤྱོད་དང“དྲ་ཆེན་མཐའ་མཚམས་ལ་ཁྱབ་པ”འཛུགས་སྐྱོང་ལག་ལེན་བསྟར་བ་བརྒྱུད། ཁྱབ་རྒྱ་དེ་བས་ཆེ་བ་དང་། སྤུས་ཚད་དེ་བས་ལེགས་པ། ནུས་པ་དེ་བས་ཆེ་བ་བཅས་ཀྱི་ཆ་འཕྲིན་དྲ་རྒྱ་ཞིག་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་ཚགས་དམ་པོས་ཁྱབ་སྟེ“བདེ་སྐྱིད་ལྡན་པའི་བོད་ལྗོངས”འཛུགས་སྐྲུན་ལ་འཕྲིན་གཏོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།