དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྡོད་ཁང་གསར་པ་དེ་བས་སྐྱིད་སྣང་དོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    འདི་ནི་ནག་ཆུ་གྲོང་ཁྱེར་གླིང་སྐོར་སྡེ་ཁུལ་གྱི་གྲོང་མི་སྲི་ཆོད་ཀྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཆུ་ནག་ཁྲོམ་གཞུང་གླིང་སྐོར་སྡེ་ཁུལ་གྱི་གྲོང་མི་མར་རྒྱལ་གྱི་ཁྱིམ་དུ་སྐྱོད་སྐབས་བོད་བཟོའི་ནང་ཆས་གསར་རྐྱང་བསྒྲིགས་པ་དང་པང་གཅལ་ཡང་གཙང་མར་འཕྱིས་ནས་དེང་དུས་ཀྱི་ཁྱིམ་སྤྱོད་གློག་ཆས་ཆ་ཚང་བསྒྲིགས་འདུག གསེར་རྙེད་ཆུས་ཀྱིས་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་རྗེས་སྔོན་མ“བཙོག་ཟིང་ཞན་གསུམ”གྱི་ས་ཕག་ཁང་པའི་ཁུལ་དེ་2013ལོར་ལེ་ལག་ཚང་བའི་དེང་རབས་ཅན་གྱི་བོད་བཟོའི་ཁུལ་ཆུང་དུ་གྱུར།

    2015ལོར་མར་རྒྱལ་སྒོ་ར་རང་སྒྲིག་གི་སྡོད་ཁང་གསར་པར་སྤོས་ཤིང་། སྡོད་ཁང་རྙིང་པའི་སྐོར་གླེང་སྐབས“སྔོན་མ་ཆར་པ་བབས་ན་གང་སར་འདམ་བག་གིས་ཁེངས་ནས་འགྲོ་སྐྱོད་བདེ་པོ་མེད་ལ། ལྷགས་པ་རྒྱག་སྐབས་ཐལ་རྡུལ་གྱིས་ཁེངས་ནས་མིག་ཡང་གདང་ཐུབ་ཀྱི་མེད”ད་ཆ་ཁུལ་ཆུང་དུ་ཆུ་དང་། གློག དྲོད་རླངས་བཅས་ཤར་གཏོང་ཐུབ་ཡོད་ལ། ཉེ་འཁོར་དུ་བསྐྲུན་པའི་སྤྱི་གླིང་སྔོ་ལྗང་རྩི་ཤིང་གིས་ཁེངས་ཤིང་། སྒོ་རྩིས་ཚོང་ཁང་ཡང་བཙུགས་ཡོད་པས། གྲོང་མི་རྣམས་ལ་སྟབས་བདེ་བྱུང་བ་མ་ཟད། ཡངས་པའི་ཐང་ཆེན་དུ་གྲོང་མི་རྣམས་དགའ་སྤྲོའི་ངང་སྒོར་གཞས་འཁྲབ་བཞིན་འདུག

    “གསར་འགོད་པ་ལགས། ངའི་ཁྱིམ་དུ་ཕེབས་དང་། ང་ལ་ཤོད་རྒྱུ་མང་པོ་ཡོད”ཅེས་མར་རྒྱལ་གྱི་ཁྱིམ་མཚེས་ལོ་71ལ་སླེབས་པའི་ཏང་ཡོན་རྒན་གྲས་སྐལ་འཕེལ་གྱིས་ལག་གཡུག་བྱས་ནས་གསར་འགོད་པ་རང་ཁྱིམ་དུ་བོས།

    སྐལ་འཕེལ་གྱི་ཁྱིམ་དུ་འཛུལ་མ་ཐག་ཤེལ་ཁང་ནང་བསྒྲིགས་པའི་མེ་ཏོག་མིག་ལམ་དུ་འཆར། སྐལ་འཕེལ་གྱི་བཟའ་ཟླ་སྲི་ཆོད་ཀྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་སྐུ་མགྲོན་ཕེབས་པ་མཐོང་སྐབས་སྐུ་མགྲོན་ནང་དུ་བསུས། གུ་ཡངས་པའི་མགྲོན་བསུ་ཁང་དུ་འཛུལ་སྐབས། བོད་བཟོའི་ཆ་སྒམ་གྲལ་སྟར་བསྒྲིགས་ནས་འདུག་ལ། ཆ་སྒམ་ཐོག་བཞག་པའི་གཟི་བརྗིད་བྱ་དགའ་དེ་དག་ལས་ཁོང་གི་བྱས་རྗེས་བརྗོད་བཞིན་འདུག ཏང་ལོ་50ཡོད་པའི་རྒན་རྒོན་ཁོང་ནི་སྔོན་མ་ཡུལ་དམག་གི་རྐང་འཛིན་པ་ཞིག་ཡིན་ལ། གཞི་རིམ་གྱི་ལས་བྱེད་པའང་བྱེད་མྱོང་ཡོད།

    “སྔོན་ཆད་སྨི་ངོས་གྲུ་60ཙམ་གྱི་ས་ཕག་ཁང་པའི་ནང་གྱང་ངོས་ཀྱི་ཕྱོགས་བཞིར་བྱ་དགའི་གཟེངས་རྟགས་རྡག་རྡག་ཡོད་པ་དེ་དག་ནི་རང་ཁྱིམ་གྱི་གྲོ་ཞིབ་ལས་སྐྱོ་མ་བཟོས་ཏེ་སྦྱར་བ་ཤ་སྟག་རེད”ཅེས་ཁོང་གིས་དབུགས་རིང་གཏོང་བཞིན་དུ“ཁང་པ་རྙིང་ཧྲུལ་ཡིན་སྟབས་ཕྱི་ངོས་སུ་ཆར་པ་ཆེན་པོ་འབབ་སྐབས་ཁང་པའི་ནང་ཐིགས་པ་བརྒྱབ་ནས་གྱང་ངོས་སུ་འཁྲིལ་ཏེ་གཟེངས་རྟགས་མང་པོ་ཞིག་རློན་པ་ཆགས་ནས་ཡི་གེ་གསལ་ལ་མི་གསལ་དུ་གྱུར་རུང་ཐབས་ཤེས་གང་ཡང་མེད”ཅེས་ཤོད་ཀྱིན་ད་ཆའི་དཀར་ཆ་དོད་ལ་སྐམ་ཤས་ཆེ་བའི་ཁང་པར་ལྟ་ཞོར་དུ་སྐད་གདངས་ཀྱང་མྱུར་ལ་བློ་ཡིད་ཚིམས་པའི་རྣམ་འགྱུར་ཞིག་མངོན་བཞིན“ད་ཆ་ཁང་པ་ཡག་པོ་ཡོད་སྟབས་ཁ་ཆར་བུ་ཡུག་འཚུབ་པར་སྐྲག་དགོས་མེད་ལ་གཟེངས་རྟགས་དེ་དག་ཀྱང་པར་སྒྲོམ་ནང་བསྒྲིགས་ནས་ཁྱིམ་གྱི་མཛེས་རྒྱན་རྩ་ཆེ་ཤོས་སུ་གྱུར་ཡོད། དེ་དག་མཐོང་སྐབས་སྔོན་ཆད་དཀའ་བ་སྤྱད་རིན་ཆོག་འདུག ད་ནི་འཚོ་བ་སྐྱིད་ཅིང་རྒྱགས་པ་སྐྱེལ་རྒྱུ་འདུག”ཅེས་བཤད།

    གླིང་སྐོར་སྡེ་ཁུལ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་དེ་སྡོད་གནས་ཀྱི་བར་མཐོངས་ཙམ་མིན་པར་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ“བཅའ་ཁྲིམས་ཞབས་ཞུ”དང“དམངས་འཚོའི་ཞབས་ཞུ”སོགས་སྐར་ཁུང་བདུན་ལས་ཕྱོད་ཆེན་པོས་འཁོར་རྒྱུག་བྱས་ནས་གྲོང་མིས་གོ་རིམ་ལྡན་པའི་ངང་དོན་དག་སྒྲུབ་ཆོག་པ་དང་། སྡེ་ཁུལ་གྱིས“སྡེ་ཁུལ་གྱི་ཏང་རྩ་འཛུགས+དྲ་མིག་ཅན”ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་གསར་གཏོད་ལག་བསྟར་བྱས་ཏེ། དྲ་མིག་གི་ཏང་ཚོགས་ཆུང་དྲུག་དང་བུད་མེད་དུས་བདེའི་སྐོར་གཡེང་རུ་ཁག་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་རུ་ཁག་སོགས་ཀྱི་སྟོབས་ཤུགས་མཉམ་འདྲེས་གཏིང་ཟབ་བྱས་ཡོད།“མང་ཚོགས་ལ་དགོས་མཁོ་གང་ཡོད་ཚེ་དེ་གར་ཏང་ཡོན་གྱིས་ཞབས་འདེགས་ཞུ་གི་ཡོད”

    ཆུ་ནག་ཁྲོམ་གཞུང་གྲ་སྒྲིག་ཨུ་ལྷན་གྱི་ཀྲུའུ་རེན་མཚོ་མོས། སྡེ་ཁུལ་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་། “བུད་མེད་ཀྱི་ཁྱིམ་གཞིས” “བཟོ་ཚོགས་ཁྱིམ་གཞིས”སོགས་ཀྱི་གཡུལ་ས་བཙུགས་ནས་གྲོང་མིར་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བཞིན་ཡོད་ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་11པར། གླིང་སྐོར་སྡེ་ཁུལ་གྱི“དྲོ་སྐྱིད་ཁྱིམ་གཞིས”ཀྱི་སྤྱི་པའི་རིག་གནས་བར་མཐོངས་དཔེ་གསར་བཙུགས་ནས། རང་འདེམས་གཡར་ལྟ་དང་རྟགས་བཤེར་ཁོའོ་ཧྥེ་སོགས་དར་སྲོལ་ནུས་པ་གཞི་གཅིག་ཏུ་འདུས་ཏེ། སྡེ་ཁུལ་གྱི་དྲིལ་བསྒྲགས་འཐབ་ས་གསར་པ་དང་། རིག་གནས་བར་མཐོངས་གསར་པ། སྤྲོ་གསེང་ས་ཚུགས་གསར་པ་བཅས་སུ་གྱུར་ཡོད།

    ཆར་ཐིགས་རྒྱག་པའི་ས་ཕག་ཁང་པ་ནས་ཉི་མ་དྲོ་བའི་བོད་བཟོའི་སྡོད་ཁང་གསར་པའི་བར་དང་། འདམ་རྫབ་ལམ་ནས་འདུ་འཛི་ཆེ་བའི་ཁྲོམ་གཞུང་བར་གླིང་སྐོར་སྡེ་ཁུལ་གྱི་འཕོ་འགྱུར་ནི་མེ་ལོང་ཞིག་དང་འདྲ་བར་བདེ་སྡོད་ལས་གྲྭའི་དྲོ་སྐྱིད་དང་མཐོ་ཚད་མངོན་བཞིན་མཆིས། བདེ་སྡོད་ཕུགས་འདུན་མངོན་དུ་འགྱུར་བས་གྲོང་མིའི་བཞིན་ལས་དགའ་སྐྱིད་ཀྱི་མེ་ཏོག་བཞད་ཅིང་། འདི་ནི་སྡེ་ཁུལ་གྱི་འཕོ་འགྱུར་གསར་པ་ཞིག་རེད་ལ། ས་མཐོའི་དམངས་འཚོའི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་དེ་བས་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།