ཕུར་གཡང་སྒྲོལ་དཀར་གྱིས་བརྗོད་དོན།
ལོ་བཅུའི་ནང་སྟོད་ལུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
2003ལོའི་དབྱར་ཁར། ཕུར་གཡང་སྒྲོལ་དཀར་སྟོད་ལུང་བདེ་ཆེན་རྫོང་སྲིད་གཞུང་གི་རྒྱལ་སྒོ་ཐེངས་དང་པོ་འཛུལ་སྐབས། མ་ལམ་ཟུར་དུ་བོད་བཟོའི་ཁང་པ་ཐར་ཐོར་ལས་མེད་པ་དང་། རྒྱ་ཆེན་པོ་དེ་ཙམ་མེད་པའི་སྣུམ་ནག་ལམ་ཡང་ཤང་གྲོང་གི་ལྟེ་གནས་བར་ལས་བཏིང་མེད། ད་ཆ་སྟོད་ལུང་བདེ་ཆེན་ཆུས་བོད་སྐད་ཨུད་གཞུང་ལས་ཁང(རྩོམ་སྒྱུར་ཅུས)གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་པའི་ཕུར་གཡང་སྒྲོལ་དཀར་གྱིས་2025ལོར་སྟོད་ལུང་བདེ་ཆེན་ཆུས་ཁྲོམ་གཞུང་གི་མཐའ་འཁོར་ལ་ལྟ་སྐབས། བཟོ་པ་རྣམས་ཐོན་ལས་གླིང་དུ་ལས་ལ་བྲེལ་བཞིན་ཡོད་པ་དང་། ཕྲུ་གུ་ཚོ་སྔོ་ལྗང་ལྗོན་ཤིང་གིས་བཏུམས་པའི་སྤྱི་གླིང་དུ་རྩེད་འཇོར་རོལ་བཞིན་ཡོད། ད་ཆ་ཨར་འདམ་གཞུང་ལམ་ཡང་ཁྱིམ་ཚང་ཚང་མའི་སྒོ་འགྲམ་བར་བཏིང་ཞིང་། ལོ་ཉི་ཤུ་རྩ་གཉིས་ཡུད་ཙམ་ལ་འདས་པ་དང་། ལྷག་པར་དུ་རྫོང་ཆུས་ལ་བསྒྱུར་པའི་ལོ་བཅུ་ཡི་རིང་། འགྱུར་ལྡོག་ཚང་མ་འཁོར་ལོའི་རི་མོ་ཇི་བཞིན་ས་མཐོའི་ས་གཞི་གཤིན་པོ་དེའི་ཐོག་གསལ་ལེར་བཀོད་ཡོད་པ་རེད།
སྟོད་ལུང་དུ་སླེབས་མ་ཐག་པའི་སྐབས། ཆར་པ་འབབ་དུས་གྲོང་གསེབ་ཏུ་སྐྱོད་པ་ནི་ཕུར་གཡང་སྒྲོལ་དཀར་གྱིས་འཚེར་སྣང་ཆེ་ཤོས་བྱེད་པའི་ལས་འགན་ཞིག་ཡིན་ཞིང་། འདམ་རྫབ་ཀྱིས་ཁེངས་པའི་ས་རྡོའི་ལམ་བུར་འགྲོ་སྐྱོད་དཀའ་བས་དོར་མའི་འཛབས་ལ་རྟག་ཏུ་འདམ་བག་འགོས་ཀྱི་ཡོད། 2015ལོར་སྟོད་ལུང་བདེ་ཆེན་རྫོང་ཆུས་ལ་བསྒྱུར་རྗེས། འགྲོ་ལམ་འཛུགས་སྐྲུན་ལའང་མཆོང་སྐྱོད་ཆེན་པོ་བྱུང་ཡོད། ལྷ་ས་གྲོང་ཁུལ་ནས་སྟོད་ལུང་བདེ་ཆེན་ཆུས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་སྐབས། ཁོང་གིས་ཆེད་མངགས་རླངས་འཁོར་བཏང་ནས་ནང་མི་དང་མཉམ་དུ་ལམ་དེར་བསྐྱོད་ཅིང་། སྟོད་ལུང་ནས་ལྷ་ས་གྲོང་ཁུལ་བར་སྐར་མ་20ལས་འགོར་གྱི་མེད་པ་དང་། དེ་སྔོན་ལས་ཆུ་ཚོད་1ཙམ་ཐུང་དུ་ཕྱིན་ཡོད་པ་རེད།
ཕུར་གཡང་སྒྲོལ་དཀར་གྱིས། ལོ་20ཡི་གོང་ཞིང་འབྲོག་པས“ལོ་ལེགས་ཡག་ཉེས་གནམ་གཤིས་ལ་ལྟ་རྒྱུ་རེད”ཅེས་རྟག་ཏུ་བརྗོད་ཀྱི་ཡོད་ལ། ན་གཞོན་ཚོ་ཡང་གཅིག་རྗེས་གཉིས་མཐུད་ངང་ཕྱིར་གླ་པ་རྒྱུག་པར་འགྲོ་གི་ཡོད། རྫོང་ཆུས་ལ་བསྒྱུར་རྗེས། སྲིད་ཇུས་བཟང་པོར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡག་པོ་བྱུང་ཞིང་། ཐོན་ལས་གླིང་ཁུལ་གཅིག་མཇུག་གཉིས་མཐུད་ངང་བཙུགས་པ་དང་ཟོག་འགྲེགས་ལྟེ་གནས་དང་དྲ་ཐོག་ཚོང་དོན་རྟེན་གཞི་ཡང་སྔ་རྗེས་སུ་བཙུགས་ཡོད། ཡུལ་མི་སྤུན་ཟླ་ཚོ་ཡང་མཉམ་ལས་ཁང་ལ་ཞུགས་ནས་ཚད་ལྡན་ཅན་གྱི་འདེབས་འཛུགས་ལས་ལ་གཞོལ་བའམ། ཡང་ན་དྲ་ཐོག་ཚོང་ཁང་བརྒྱུད་རྩམ་པ་དང་མར་སོགས་རྒྱལ་ཡོངས་སུ་འཚོང་གི་ཡོད། དེ་སྔོན་རྒུ་རུམ་ཤང་གི་གཡུལ་ཁ་དེ་ཡང་ད་ཆ“རྩམ་པའི་རིག་གནས་ཐོན་ལས་གླིང”ལ་གྱུར་པ་དང་། ཡུལ་མི་ཚོས་དམངས་སྲོལ་གནས་ཚང་དུ་ཡུལ་སྐོར་བར་གསོལ་ཇ་མངར་མོ་འགྱོག་བཞིན་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་གྱི་ཡོད་ཅེས་ཕྱིར་དྲན་བྱེད་བཞིན་བརྗོད།
ལོ་བཅུ་ཡི་རིང་། ཁོང་གིས་ས་ཆ་དེ་ཉིད“གྲོང་འདབས་རྫོང་གྲོང”ནས“གྲོང་ཁྱེར་གྱི་ཁུལ་གསར”ལ་གྱུར་པའི་བརྒྱུད་རིམ་དངོས་སུ་བརྒྱུད་ཡོད་ལ། རང་ཉིད་ཀྱང“ལུང་པ་གཞན་གྱི་མི”ནས“སྟོད་ལུང་བ་རྙིང་པར”གྱུར་ཡོད་པ་རེད།
འབྱུང་འགྱུར། ཁོང་གིས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཆེད་མུ་མཐུད་འབད་བརྩོན་བྱས་ནས། ས་ཆ་དེ་ཉིད་དུས་རབས་གསར་པར་འཕེལ་རྒྱས་དེ་བས་ཡག་པོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།