སྐབས་བཅོ་བརྒྱད་པའི་ཝུན་ཧྭ་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་པ།
རང་ལྗོངས་ཀྱི་བརྩམས་ཆོས《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ལ་ཝུན་ཧྭ་བྱ་དགའ་ཐོབ་པ།
ཉེ་ཆར། སྐབས་བཅོ་བརྒྱད་པའི་ཝུན་ཧྭ་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་འོས་སྦྱོར་བྱས་པ་དང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་གཞོན་ནུ་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས་གསར་རྩོམ་བྱས་པའི་རྐྱང་བྲོ《སྒྲ་སྙན་ལ་བཅངས་པའི་བརྩེ་བ》དེ་ནི་རྒྱལ་ཡོངས་ཀྱི་རིག་རྩལ་ཁང་དང་ཚོགས་པ། དེ་བཞིན་སྒྱུ་རྩལ་སློབ་གླིང་གི་གསར་རྩོམ་བརྩམས་ཆོས་428ཁྲོད་ནས“ཝུན་ཧྭ་ལེ་ཚན་གྱི་བྱ་དགའ”ཐོབ་པ་རེད། དེའང་ད་ཐེངས་རང་ལྗོངས་ལ་ཐོབ་པའི་ཝུན་ཧྭ་བྱ་དགའི་བརྩམས་ཆོས་འབའ་ཞིག་དེ་རེད་ལ། ཝུན་ཧྭ་བྱ་དགའ་དཔྱད་འདེམས་བྱེད་པའི་ཁྲོད་ཀྱི་བོད་ཀྱི་རིག་རྩལ་ལས་རིགས་ཀྱི་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཤིག་ཀྱང་རེད།
《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཡི་བརྩམས་ཆོས་དེའི་ནང་བོད་རིགས་ན་གཞོན་ཞིག་གིས་གངས་ལྗོངས་ས་མཐོར་སྒྲ་སྙན་དཀྲོལ་བཞིན་ཞབས་བྲོ་འཁྲབ་པའི་གཏམ་རྒྱུད་གླེང་བ་དང་ཞབས་བྲོ་དེ་ལས་བོད་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ལ་གུས་སྐྲག་དང་འཚོ་བར་དགའ་ཞེན་བྱེད་ལུགས་མཚོན་ཡོད། བརྩམས་ཆོས་དེ་ནི་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས་གསར་རྩོམ་བྱས་པ་དང་། ཧོ་ཝེས་གཞས་གདངས་བརྩམས་པ། འཇམ་དབྱངས་བསྟན་འཛིན་གྱིས་འཁྲབ་སྟོན་པ་གཙོ་བོ་བྱས་ཤིང་། པད་མ་ཚེ་རིང་གིས་བོད་ཀྱི་རིག་རྩལ་གསར་རྩོམ་ཁྱབ་ཁོངས་སུ་ལོ་མང་འབད་བརྩོན་བྱས་པ་དང་ཡུལ་དེའི་རིག་གནས་ལ་རྒྱུས་མངའ་ཟབ་མོ་ལོན་ཡོད། ད་ཐེངས《སྒྲ་སྙན་ལ་བཅངས་པའི་བརྩེ་བ》ཞེས་པ་བརྒྱུད་ཁོང་གི་སྒྱུ་རྩལ་གསར་རྩོམ་ཐད་ཀྱི་གསར་གཏོད་ཉམས་འགྱུར་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཝུན་ཧྭ་བྱ་དགའ་ནི་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡིས་བཙུགས་པའི་ཆེད་ལས་གར་སྟེགས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་བྱ་དགའ་མཐོ་ཤོས་ཤིག་ཡིན་ཞིང་། ལོ་གསུམ་རེར་ཐེངས་རེ་འདེམས་ཀྱི་ཡོད། ལོ་མང་རིང་སྙིང་དོན་ཟབ་པ་དང་། སྒྱུ་རྩལ་རྩེར་སོན་པ། རྩོམ་རྩལ་ཕུལ་དུ་བྱུང་བ་བཅས་ཀྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་མང་པོ་ཞིག་དཔྱད་འདེམས་བྱས་པར་སྤྱི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།