དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོ་ནམ་ཞིང་ནས་ལོ་ལེགས་གཏམ་བཟང་གྲགས།

    རང་ལྗོངས་ཀྱི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་ལག་ལེན་དང་བློ་འབྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    འདི་ནི་སྟོན་མཇུག་ཏུ། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་མདུན་གྲོང་གྲོང་ཚོར་ས་གནས་དེ་གའི་ཞིང་པས་སྲོལ་རྒྱུན་གྱི་ཐབས་ལ་བརྟེན་ནས་གཡུལ་ལས་གཏོང་བཞིན་པ།

    སྟོན་ཟླ་བཅུ་པར། ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་འབྲུ་རིགས་ལོ་ལེགས་ཀྱི་གཏམ་བཟང་སླར་ཡང་གྲགས། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། མུའུ་རེའི་སྙེ་མའི་གྲངས་འབོར་དང་འབྲུ་རྡོག་སྟོང་གི་ལྗིད་ཚད་སོགས་འགག་རྩའི་སྟོན་གྲངས་ཕྱོགས་བསྡུས་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ད་ལོ་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་གྲངས་གཞི་གཙོ་བོ་སྔོན་དཔག་བྱས་ན་2024ལོ་ལས་བརྒལ་ནས་བསྟུད་མར་ལོ་ལེགས་བྱུང་ཡོད།

    སྲིད་ཇུས་ཁེ་སྤོགས་ཀྱི་མཐུན་རྐྱེན་སྦྱར་ཏེ“རྩལ་བརྟེན་འབྲུ་གསོག”གི་རྨང་གཞི་བརྟན་དུ་བཏང་བ།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཞིང་པ་སྤེན་པས་སྙེ་མའི་ལོ་ལེགས་ལ་ལྟ་བཞིན་དགའ་སྤྲོའི་ངང“སྲིད་གཞུང་གིས་མུའུ་རེར་ཁ་གསབ་སྒོར་60སྤྲོད་པ་དང་ད་དུང་ས་བོན་ལ་ཆེད་དོན་ཁ་གསབ་སྤྲོད་ཀྱི་ཡོད། ངའི་ཁྱིམ་གྱི་ནས་མུའུ་50ལ་དེ་གོང་རྒྱ་མ་རེར་སྒོར་2བྱས་ནས་བཙོངས་པར་ལོ་རེར་ཡོང་འབབ་སྒོར་ཁྲི་7ཙམ་ཡོད། ད་ལྟ་ཁེ་ལས་ཀྱིས་རྒྱ་མ་རེར་སྒོར་3.5བྱས་ནས་ཉོས་པས་ལོ་རེར་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་ཟིན་གྱི་འདུག”ཅེས་བཤད།

    ད་ལོའི་ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་451.51གསར་དུ་བསྐྲུན་པ་དང་མུའུ་ཁྲི་69.65སྒྱུར་བཀོད་རིམ་སྤོར་བྱས་པ་མ་ཟད། ཆུ་འདྲེན་ཁུལ་གྱི་ཆུ་གྲོན་ཆུང་སྒྱུར་བཀོད་དང་ཆུ་མཛོད་ཀྱི་ཆུ་འདྲེན་ལས་གྲྭ་སོགས་ཆུ་བེད་རྣམ་གྲངས་46ལ་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། “ཞིང་གྲུ་བཞི་དང་། ལམ་སྦྲེལ་བ། ཆུ་ཡུར་སྦྲེལ་མཐུད། ཐན་ཁུལ་དུ་ཆུ་འདྲེན་པ། ཞོད་སྐྱོན་སེལ་ཐུབ་པ”བཅས་ཀྱི་དེང་རབས་ཀྱི་ས་ཞིང་རྣམ་པ་ཐོག་མར་ཆགས་ཡོད། ལྷུན་གྲུབ་རྫོང་ཆོས་འཁོར་གྲོང་རྡལ་དྲུག་བརྒྱ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱིས་ད་ལོ་ནས་མུའུ་19བཏབ་སྟེ་ཨར་འདམ་ཡུར་བུའི་སྟེམ་སྒོ་ཕྱེ་ནས་དྭངས་གཙང་ཆུ་མོ་ཞིང་ནང་དུ་དྲངས་པ་རེད།“སྔོན་ཆད་ཁྱིམ་ཚང་རེས་མོས་ཀྱིས་ཆུ་གཏོང་གི་ཡོད། འོན་ཀྱང་ད་ལྟ་དངོས་གནས་སྟབས་བདེ་པོ་འདུག”ཅེས་བཀྲ་ཤིས་ཕུན་ཚོགས་ཀྱིས་མྱོང་ཚོར་ཟབ་མོས་བཤད།

    སོན་བཟང་དང་ཐབས་བཟང་མཉམ་འགུལ་བྱས་ཏེ“རྩལ་བརྟེན་འབྲུ་གསོག”གི་མི་མངོན་པའི་ནུས་པ་མངོན་པར་བྱས་པ།

    ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་པད་མ་གྲོང་རྡལ་ཝ་འབེབས་གྲོང་ཚོའི་དེ་སྔའི་ས་ཞིང་བ་ཚྭ་ཅན་དུ་ཟོག་འབྲེལ་དྲ་རྒྱའི་རྩི་ཤིང་བཟོ་གྲྭ་བསྐྲུན་པ་དང་། དམར་ཆིལ་ཆིལ་གྱི་ཀྲོ་མ་ཀྲུ་ཆུང་ཆུང་ཡལ་གའི་སྟེང་བྱུར་བུར་བཏགས་ཡོད་པ་དང་། ཝ་འབེབས་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གསར་འགོད་པར། “དེ་སྔ་གང་ཡང་མི་སྐྱེ་བའི་ས་ཆ་འདི་ད་ཆ་འབྲས་བུས་ཁེངས་པའི་ཞིང་ས་ཞིག་ཏུ་འགྱུར་ཡོང་བསམ་པ་མ་བྱུང”ཞེས་བཤད།

    འགྱུར་ལྡོག་དེ་ནི་རང་ལྗོངས་ཀྱིས་ཞིང་ལས་ཚན་རྩལ་ལ་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བ་ལས་བྱུང་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་ལས་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་ཁྱབ་གདལ་ཧུར་ཐག་བཏང་བར། ལྗོངས་ཡོངས་ཀྱི་ཚན་རྩལ་གྱིས་ཞིང་འབྲོག་ལས་ལ་ལེགས་སྐྱེས་འབུལ་ཚད་ཕྱེད་ཀ་ཡན་ཟིན་ཡོད། 2025ལོར། རང་སྐྱོང་ལྗོངས་ཀྱིས་ཞིང་ལས་ཚན་ཞིབ་འགག་སྒྲོལ་རྣམ་གྲངས་ཁག་33སྤེལ་འགོ་ཚུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.77བཏང་ནས་དེང་རབས་ཞིང་ལས་ཚན་རྩལ་ཚོད་ལྟའི་དཔེ་སྟོན་རྟེན་གཞི་ཁག་14བསྐྲུན་པ། སོན་གསོ་དང་། རྒྱུད་སྤེལ། རྒྱ་སྐྱེད་བཅས་བར་གྱི་སོན་བཟང་མ་ལག་བཙུགས་པར། ཞིང་ལས་སྐྱེ་དངོས་གཙོ་བོའི་སོན་བཟང་ཁེབས་ཚད་90%ཡན་བརྟན་པོ་བྱུང་ཡོད།

    དེ་དང་ཆབས་ཅིག ལྗོངས་ཡོངས་སུ་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ལག་རྩལ་འགན་ལེན་ལས་དོན་ཚོགས་ཆུང་བཙུགས་ཏེ། “བོད་ལྗོངས་ཞིང་འབྲོག”APPལ་བརྟེན་ནས“དགོས་མཁོ་སྦྲེལ་མཐུད་དང་། ལས་འགན་ཁག་བགོས། ལས་རིམ་ཤུལ་འཇོག”གི་གདུབ་ཟུམ་དོ་དམ་མངོན་འགྱུར་བྱས་པ་དང་། ཚན་རྩལ་མི་སྣ་5320གྱིས་དྲ་ཐོག་ནས་སྦྲེལ་མཐུད་ཞབས་ཞུ་བྱས་ནས། རིམ་རྩིས་བརྒྱབ་ན། གཞི་རིམ་གྱི་དགོས་མཁོ་2363བསྐངས་ཏེ། ཚན་རྩལ་ཞིང་ནང་དུ་གནད་སྨིན་སྤྱོད་ཐུབ་པར་བྱས་ཡོད།

    ཐོན་ལས་ཀྱི་རིན་ཐང་སྣུར་སྲིང་བྱས་ཏེ“བཟང་བཞི”མཉམ་འདྲེས་ཀྱིས་དར་རྒྱས་ལ་སྐུལ་འདེད་གཏོང་བ།

    ཞིང་བཟང་དང་། སོན་བཟང་། གོ་སྐབས་བཟང་པོ། ཐབས་བཟང་བཅས་བཞི་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ“རྐྱང་པའི་ཚད་བརྒལ”ནས“ཁྱོན་ཡོངས་རིམ་སྤོར”གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཞིང་། ནས་ནི་བོད་ཀྱི་འབྲུ་རིགས་གཙོ་བོ་ཡིན་པས་ཐོན་འབབ་འཕར་བའི་རྨང་གཞིའི་ཐོག ཐོན་ལས་ཀྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་ལྗོངས་ཀྱིས་ནས་ལས་སྣོན་ལག་རྩལ་གྱི་འཇུར་མིག་ལས་བརྒལ་ཏེ། ཁྲོམ་རའི་འཁོར་རྒྱུག་ཐབས་ལམ་བསྐྲུན་ནས་ནས་ཀྱི་རིན་ཐང་འབྲེལ་ཐག་སྣུར་སྲིང་བྱས་པ་རེད། མིག་སྔར་བོད་ནས་རིགས་དང་ཧི་མ་ལ་ཡའི་རིགས་སོགས་སོན་བཟང་རིགས་78སྐྱེད་སྲིང་བྱས་པ་དང་། སྲོལ་རྒྱུན་གྱི་རྩམ་པ་ནས་ནས་ཀྱི་སྦི་རག་དང་། ནས་ཀྱི་ཏན་ཞིམ་ནས་བྱེད་ནུས་རང་བཞིན་གྱི་བཟའ་བཅའ་སོགས་རིགས་ཆེན་པོ་བཞིའི་ནས་ཀྱི་ཐོན་རྫས་སྣ་ཁ་80ལྷག་ཙམ་གསར་སྤེལ་བྱས་པ་མ་ཟད། གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་30ལྷག་ཙམ་གསོ་སྐྱོང་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་སྣེ་ཁྲིད་ནས་བཙུགས་པའི་ནས་ཀྱི་ཐོན་ལས་ལག་རྩལ་གསར་གཏོད་འཐབ་ཇུས་མནའ་འབྲེལ་གྱིས་ཉེ་བའི་ལོ་གསུམ་རིང་རིམ་རྩིས་བརྒྱབ་ན། ཞིབ་འཇུག་གསར་སྤེལ་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བཏང་ནས་འགག་རྩའི་ལག་རྩལ་ཞིབ་འཇུག་ཁག་50ལྷག་ཙམ་སྤེལ་བར། ཁེ་བེད་བདག་ཐོབ་ཁག་18ཐོབ་པ་རེད།

    ལོ་མང་བསྟུད་མར་ནས་ལ་ལོ་ལེགས་བྱུང་བ་དེ་ནི“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”འཐབ་ཇུས་ས་མཐོར་གསོན་ཉམས་ལྡན་པའི་ངང་ལག་ལེན་བྱས་པ་ཞིག་རེད་ལ། བོད་ཀྱི་འབྲུ་རིགས་བདེ་འཇགས་བཅོས་སྐྱོང་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་བའི་བདེན་དཔང་གསལ་པོ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།