ཀྲུང་ཡོའི་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པ་འཇར་མན་དུ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་གྲོང་ཁྱེར་ཧའེ་ཏེ་པའོ་ནས་གློག་འཕྲིན་འབྱོར་གསལ། ཚེས་1དང་2ཉིན་ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པ་འཇར་མན་གྱི་གྲོང་ཁྱེར་ཧའེ་ཏེ་པའོ་རུ་གཉེར་ཞིང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རིག་མཁས་ཅན་དང་མཁས་དབང་དང་། དེ་བཞིན་ཁེ་ལས་ལས་རིགས་ཀྱི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་མི་ཐབས་རིག་ནུས་སོགས་སྔོན་ཐོན་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་ལ་གཞིགས་ནས་དཔྱད་བསྡུར་བགྲོ་གླེང་བྱས་པ་རེད།
འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སློབ་གསོ་ཁྲུའི་ཚན་ཙན་ཀྲོའུ་ཀྲི་ཆང་གིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྒྲོན་སྐབས། ཚན་རྩལ་སྤེལ་རེས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོའི་འབྲེལ་ཟམ་གལ་ཆེན་ཞིག་རེད། མི་ཐབས་རིག་ནུས་དང་། སྐྱེ་དངོས་གསོ་རིག་སྨན་རྫས། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་པོར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་མདུན་དུ། ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རིག་མཁས་ཅན་གྱིས་མཉམ་ལས་བྱས་ཏེ་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཞེས་བརྗོད་པ་རེད།
གཙོ་དོན་གཏམ་བཤད་ཀྱི་ལྷུ་ཚིགས་སུ་ཧང་ག་རི་དང་འཇར་མན་སོགས་རྒྱལ་ཁབ་ནས་ཡོང་བའི་ཚན་རིག་མཁས་ཅན་མང་པོ་ཞིག་གིས་དེང་གི་ཞིང་ལས་དང་། སྨན་བཅོས། དེ་བཞིན་བཟོ་ལས་སྒྲིག་ཆས་རིག་ནུས་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་གསར་སྒྱུར་བེད་སྤྱོད་བྱེད་སྟངས་མཉམ་སྤྱོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གླེང་སྟེགས་ཀྱི་བྱེད་སྒོའི་ནང་མི་ཐབས་རིག་ནུས་དང་སྔོན་ཐོན་བཟོ་སྐྲུན་དང་། བརྗེ་སྒྱུར་དང་ནད་ཐོག་གསོ་རིག ཐཱན་ཚད་སྙོམ་སྦྱོར་དང་ནུས་རྒྱུ་གསར་པ་སོགས་དྲ་ཐོག་དང་དྲ་ཕྱིའི་མཉམ་སྤེལ་གླེང་སྟེགས་རབ་དང་རིམ་པ་ཚུད་ཡོད། བྱེད་སྒོ་འདི་དག་གིས་གོ་ལ་ཧྲིལ་པོའི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གླེང་ཆ་ཆེ་བར་དམ་པོར་དམིགས་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཚན་རིག་མཁས་ཅན་གྱི་བློ་བསྡུས་དགེ་འཚོལ་བྱས་ཏེ། སྔོན་ཐོན་ཚན་རྩལ་མཉམ་དུ་གསར་གཏོད་དང་དོན་འཁྱོལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།