གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ནང་གི་ཀྲུང་གོའི་རྣམ་གྲངས་ཁག་6ལ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིཌ་དང་ཞིང་ལས་རྩ་འཛུགས་ཀྱིས་སྒོ་བྱང་བསྩལ་པ།
མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གཙོ་གཉེར་བྱས་པའི་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ལ་སྒོ་བྱང་སྩོལ་བའི་མཛད་སྒོ་ཉིན་ཤས་གོང་དབྱི་ཐ་ལིའི་རྒྱལ་ས་རོ་མ་རུ་གཉེར་ཞིང་། ད་རེས་ཀྱི་བྱེད་སྒོ་ནི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་80འཁོར་བའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་། 2023ལོ་ནས་བཟུང་གསར་དུ་ངེས་གཟུང་བའི་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ལ་མཉམ་དུ་སྒོ་བྱང་སྩོལ་བ་དང་སྤེལ་རེས་བྱེད་པ་ཞིག་རེད།
ད་རེས་ཀྱི་བྱེད་སྒོར་ཁྱོན་རྒྱལ་ཁབ་14དང་ཞིང་ལས་རིག་གནས་ཤུལ་བཞག་རྣམ་གྲངས་28ཀྱི་སྲིད་གཞུང་དང་། ཁེ་ལས། ཞིང་པ་བཅས་ཀྱི་འཐུས་མི་ཞུགས་ཡོད་ཅིང་། ཀྲུང་གོའི་ཤུལ་བཞག་ཁག་6ལ་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་སྒོ་བྱང་བསྩལ་པ་སྟེ། ཧོ་པེ་ཁོན་ཁྲེང་གི་སྲོལ་རྒྱུན་ཆ་ར་ཕྲའུ་འདེབས་གསོའི་མ་ལག་དང་། ཨན་ཧུའེ་ཐུང་ལིང་གི་སྒ་སྐྱ་འདེབས་འཛུགས་མ་ལག ཀྲེ་ཅང་ཤན་ཅུའི་གནའ་བོའི་ཤིང་འབྲས་དབྱང་མེའི་སྡོང་ཚོགས་ཀྱི་འདྲེས་སྦྱོར་འདེབས་གསོ་མ་ལག ཀན་སུའུ་ཀའོ་ལན་ཧྲི་ཁྲོན་གྱི་གནའ་བོའི་ལི་སྡོང་ར་བའི་མ་ལག ཀྲེ་ཅང་ཏེ་ཆིང་ཚྭ་མེད་ཆུའི་མུ་ཏིག་འདྲེས་སྦྱོར་གསོ་སྤེལ་མ་ལག ཧྥུའུ་ཅན་ཧྥུ་ཏིང་ཇ་དཀར་རིག་གནས་མ་ལག་བཅས་ཡིན་པ་རེད། མིག་སྔའི་བར། གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་རྣམ་གྲངས་བསྡོམས་འབོར་ཁྱོན་102ཡོད་པའི་ནང་ནས་ཀྲུང་གོར་རྣམ་གྲངས་25ཡོད་པ་དང་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
བྱེད་སྒོའི་ཉིན་དེར་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ད་དུང་གོ་ལ་ཧྲིལ་པོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་། རིག་གནས་འགྲེམས་སྟོན། ཞིམ་ཟས་མྱོང་དཔྱད་སོགས་ཀྱི་བྱེད་སྒོ་གཉེར་བ་རེད།
འབྲེལ་ཡོད་གསར་འགྱུར།