དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། བོད་ལྗོངས་དིང་རིའི་གནོད་འཚེ་ཕོག་པའི་མང་ཚོགས་སྡོད་ཁང་གསར་པར་སྤོས་པ།

    “ཁྱིམ་གཞིས་གསར་པ་ཚ་སོབ་སོབ། ཡུལ་མིའི་སེམས་པ་སྐྱིད་ལྷང་ལྷང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ཡོན་ཆོན། ཞུས་ཡུས་ཡའོ།   |     སྤེལ་དུས།  2025-11-06

    འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ཕུ་གྲོང་ཚོའི་ཡུལ་མིས་སྡོད་ཁང་གསར་པར་ནང་ཆས་སྤོ་བཞིན་པ།

    འདི་ནི་གེགས་རྗེས་བསྐྱར་སྐྲུན་བྱས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ལྷ་རྩེ་གྲོང་རྡལ་ཚོགས་པོ་གྲོང་ཚོ་ཡིན་པ། (གོང་གི་པར་གཉིས་པོ་འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བརྒྱབ)

    ཚེ་རིང་དར་རྒྱས་ནི་བོད་རང་སྐྱོང་ལྗོངས་དིང་རི་རྫོང་མགུ་རིང་གྲོང་ཚོའི་ཤིང་བཟོ་བ་ཞིག་རེད། ཉེ་ཆར། ཡུལ་མི་རྣམས་སྡོད་ཁང་གསར་པར་སྤོ་གྲབས་ཡོད་སྟབས། ནང་ཆས་གསར་པ་ཉོ་མཁན་མང་བས་ཁོ་པ་ལས་བྲེལ་ཆེན་པོ་ཡོད།

    ད་ལོའི་བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་ཁྲོད་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་གྲོང་ཚོའི་གྲས་ཤིག་ཡིན་པའི་མགུ་རིང་གྲོང་ཚོའི་དུད་ཚང་30ལྷག་ཙམ་གྱི་གནས་སྤོས་མང་ཚོགས་ཀྱིས་སྡོད་ཁང་གསར་པར་གང་མགྱོགས་སྤོ་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཁང་པ་གསར་པ་རྩིས་སྤྲད་པ་དང་བསྟུན་ནས། ཁྱིམ་ཚང་ཚང་མས་འཚོ་བ་གསར་པར་རེ་སྒུག་ཆེན་པོ་བྱེད་ཅིང་། ཚེ་རིང་དར་རྒྱས་ཀྱིས་ཁྱིམ་ཚང་མང་པོར་ཆ་སྒམ་ལ་སོགས་པའི་ནང་ཆས་བཟོ་བའི་ལས་ལ་བྲེལ་བཞིན་མཆིས།

    ཚེ་རིང་དར་རྒྱས་ཀྱིས་ད་ལོའི་ཟླ་བ་དང་པོར་དིང་རི་རྫོང་དུ་ས་ཡོམ་བརྒྱབ་པའི་རྣམ་པ་ད་དུང་ཡང་གསལ་པོར་དྲན་ཞིང་། ཁོ་པས། “སྐབས་དེར་ང་ཚོ་ཚང་མས་ཕལ་ཆེར་ལོ་འགའ་ཤས་སོང་ན་མ་གཏོགས་སྡོད་ཁང་གསར་པར་སྤོ་ཐུབ་ཀྱི་མ་རེད་བསམས་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་གཅིག་ཀྱང་མ་འགོར་བར་སྡོད་ཁང་གསར་པ་བརྒྱབ་ཟིན་འདུག”ཅེས་མཐེ་བོང་སྒྲེང་བཞིན་བརྗོད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ནི་བོད་ལྗོངས་ཀྱི་རྫོང་7གྱི་ཤང་དང་གྲོང་རྡལ་47དང་གྲོང་ཚོ་486དང་འབྲེལ་བ་ཡོད་པ་དང་། གསར་དུ་བརྒྱབ་པའི་མང་ཚོགས་ཀྱི་སྡོད་ཁང་བསྡོམས་དུད་ཚང་ཁྲི་2.2ལྷག་ཙམ་ཡོད་པར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་310ཟིན་པ་དང་། ཁྱོན་དུད་ཚང་ཁྲི་1.05ལྷག་ཙམ་གྱི་མང་ཚོགས་ཀྱི་སྡོད་ཁང་ཉམས་བཟོ་བརྟན་གཏོང་བྱས་པར། སྲ་བརྟན་དུ་བཏང་བའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་106ཟིན་གྱི་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། “ང་ཚོས་དུས་ཚོད་དམ་འཛིན་གྱིས་ཨར་སྐྲུན་བྱས་ནས་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་བཞིན་ཡོད”ཅེས་བཤད།

    ད་ཐེངས་ཀྱི་གེགས་རྗེས་བསྐྱར་སྐྲུན་གྱི་གནས་མང་བ་དང་། ལམ་ཐག་རིང་བ། རྒྱ་ཆེ་བ་བཅས་ཡོད་པ་དང་། ཆ་སྙོམས་ས་བབ་སྨི་4000ཡན་ཟིན་པའི་ཁར་མཐོ་ཤོས་ལ་ས་བབ་སྨི་5300ཡོད་པ། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་བཅས་ཡོད། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ལས་དུས་འཕར་མ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་མང་ཚོགས་སྡོད་ཁང་གསར་པར་སྤོས་ཟིན་ཞིང་། དེ་གར་ས་བབ་སྨི་4300ཟིན་པ་དང་། མི་ཉུང་ཞིང་གནས་ཡུལ་ཐག་རིང་ལུང་ཁུག་ཡིན་པའི་ཁར། འགྲིམ་འགྲུལ་སྟབས་བདེ་པོ་མེད། “དཀའ་ངལ་ཇི་ཙམ་མང་ནའང་ང་ཚོས་ནུས་ཤུགས་ཡོད་རྒུས་མང་ཚོགས་སྡོད་ཁང་གསར་པར་སྤོ་ཐུབ་པའི་འགན་ལེན་བྱེད་དགོས” ཀྲུང་གོ་ལྕགས་ལམ་མཚོ་སྔ་གྲོང་ཚོའི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲང་ཧྲེང་གིས། ལས་ཡུལ་དུ་ས་བབ་མཐོ་བའི་ལས་སྒྲུབ་ཉམས་མྱོང་ལྡན་པའི་ཆེད་ལས་པ་གདན་དྲངས་པ་དང་། སྨན་བཅོས་ཚོགས་པ་དང་མྱུར་སྐྱོབ་སྒྲིག་ཆས་བཀོད་སྒྲིག་བྱས་ནས་རྣམ་གྲངས་བདེ་བླག་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་བཤད།

    “ང་ཚོས་ད་དུང་ཡུལ་དེ་གའི་མང་ཚོགས་ཁག་གཅིག་གླས་པ་མ་ཟད་ཁོང་ཚོར་རྩལ་ནུས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་མང་དུ་བཏང་ཡོད” ཀྲང་ཧྲེང་གིས་ཡུལ་དེ་ག་ནས་རྒྱུ་ཆ་ཉོ་སྒྲུབ་དང་འཕྲུལ་ཆས་སྒྲིག་ཆས་བོགས་མར་ལེན་གང་ཐུབ་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཐེངས་ཀྱི་གེགས་རྗེས་བསྐྱར་སྐྲུན་ཁྲོད་བསྡོམས་ཁེ་ལས་134དང་། ཨར་སྐྲུན་དོ་དམ་པ་2600ལྷག་ཙམ། ཨར་སྐྲུན་པ་ཁྲི་6.1ལྷག་ཙམ། འཕྲུལ་ཆས་6000ལྷག་ཙམ་ཞུགས་ཡོད་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་འཛུགས་སྐྲུན་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་ཡུལ་དུ་བསྡད་ནས་དཀའ་ངལ་དང་གནད་དོན་སྣ་ཚོགས་མཐུན་སྦྱོར་ཐག་གཅོད་བྱས་ཏེ། གེགས་རྗེས་བསྐྱར་སྐྲུན་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

    ཏང་ཡོན་ལས་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་བསྐྱར་སྐྲུན་གྱི་འཐབ་ས་དང་པོའི་སྲོག་ཤིང་ཀ་རྟེན་ལྟ་བུ་རེད། ཟླ་8པའི་ཟླ་མཇུག་གི་ཉིན་ཞིག་ལ། མགུ་རིང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སངས་རྒྱས་ལ་མགུ་རིང་གྲོང་ཚོའི་བསྐྱར་སྐྲུན་ལས་ཡུལ་དུ་ལས་མི་མང་པོ་ཞིག་དགོས་པའི་བརྡ་ཐོ་འབྱོར། སངས་རྒྱས་ཀྱིས་ཐོག་མར་ཏང་ཡོན་ལས་བྱེད་པ་འཐབ་ས་དང་པོར་མངགས་རྗེས་ཡུལ་མི་དེ་བས་མང་བ་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས། བསྐྱར་སྐྲུན་ལས་དོན་ལ་མི་ཤུགས་ཀྱི་རྒྱབ་སྐྱོར་འདང་ངེས་མཁོ་འདོན་བྱས་པ་རེད། “གེགས་རྗེས་བསྐྱར་སྐྲུན་བྱེད་རིང་གང་དུ་ཏང་ཡོན་ལས་བྱེད་པ་མཁོ་ཚེ་ཏང་ཡོན་ལས་བྱེད་པས་དེ་གར་གདོང་མཆོང་བྱེད་ཀྱི་ཡོད”ཅེས་སངས་རྒྱས་ཀྱིས་བཤད།

    མིག་དམར་ཚེ་རིང་ནི་ས་སྐྱ་རྫོང་ཕུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེད། འདས་མ་ཐག་པའི་ལོ་ཕྱེད་ལྷག་ཙམ་རིང་ཁོ་པ་ལས་བྲེལ་ཧ་ཅང་ཆེ་ཞིང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    རྒན་མོ་བུ་མོ་ནི་གྲོང་ཚོའི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་ཡུལ་མི་ཞིག་ཡིན་ཞིང་། བུ་ཕྲུག་མེད་པ་དང་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མེད་པས་རྟག་ཏུ་རོགས་རམ་བྱེད་མཁན་འཚོལ་དགོས་ཀྱི་ཡོད། ཉིན་ཞིག་མིག་དམར་ཚེ་རིང་གིས་རྒན་མོ་བུ་མོ་སྐྱོ་སྣང་ཆེན་པོས་རང་ཁྱིམ་གྱི་སྒྲོམ་ཁང་སྒོ་རྩར་བསྡད་པ་མཐོང་ནས་འདྲི་རྩད་བྱས་པ་བརྒྱུད་ཁོང་ལ་ཁང་པ་སྤོ་རོགས་བྱེད་མཁན་རྙེད་མེད་པ་ཤེས།

    “དེ་ལས་སླ་པོ་རེད། ང་ཚོས་རོགས་པ་བྱས་ཆོག” མིག་དམར་ཚེ་རིང་གིས་དེ་འཕྲལ་གྲོང་ཚོའི་ཏང་ཡོན་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྒན་མོར་ཁང་པ་སྤོ་རོགས་བྱས་པར་འཁྱུག་ཙམ་ནང་སྤོས་ཚར། ཁང་པ་གསར་པར་སྡོད་རྒྱུ་བྱུང་བའི་རྒན་མོ་བུ་མོས་ཏང་ཡོན་ཚོའི་ལག་ནས་དམ་པོར་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས། “འདི་ཚང་མ་ང་ཚོ་ཏང་ཡོན་ཚོས་སྒྲུབ་དགོས་པ་ཞིག་རེད”ཅེས་མིག་དམར་ཚེ་རིང་གིས་བཤད།

    མི་ཚང་མ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ནང་ཧུར་ཐག་ངང་ཞུགས་བཞིན་ཡོད་ཅིང་། བཀྲ་ཤིས་རྒྱལ་མཚན་ནི་ལྷ་རྩེ་རྫོང་གཞིས་ཆེན་ཤང་རེད་མདའ་གྲོང་ཚོའི་མང་ཚོགས་དཀྱུས་མ་ཞིག་ཡིན་ནའང་། ཁོང་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་མང་པོར་ཞུགས་མྱོང་།

    ས་ཡོམ་བརྒྱབ་པའི་ཁར་དྲག་ཆར་བསྟུད་མར་བབས་རྐྱེན་གྲོང་ཚོ་མང་པོའི་འགྲོ་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པའམ་ཡང་ན་བརྡིབས་ཡོད་པས། བཟོ་སྐྲུན་འཕྲུལ་ཆས་དང་རླངས་འཁོར་ཡག་པོ་ཐར་གྱི་མེད། བཀྲ་ཤིས་རྒྱལ་མཚན་དང་ཡུལ་མི་ཚོས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་གསར་བྱས་ཏེ། གཏོར་སྐྱོན་ཕོག་པའི་ལམ་བུར་ཉམས་གསོ་བྱེད་ཀྱི་ཡོད། ལམ་བཟོ་བར་སྟབས་བདེ་ཡོང་ཆེད། ད་ལོའི་དབྱར་ཁའི་ཟླ་བ་གཅིག་ལྷག་ཙམ་རིང་ཁོ་པའི་ཁྱིམ་དང་བར་ཐག་སྤྱི་ལེ་བཅུ་ཕྲག་ཆོད་པའི་ཕུན་ཚོགས་གླིང་ཤང་དུ་བསྡད་པ་རེད། ཚང་མས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་བསྐྱར་སྐྲུན་ལས་གྲྭ་ལེགས་འགྲུབ་བདེ་བླག་བྱུང་ནས་ཕུན་ཚོགས་གླིང་ཤང་གི་མང་ཚོགས་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་ཡོད།

    བཀྲ་ཤིས་རྒྱལ་མཚན་རང་ཉིད་ཀྱི་ཁྱིམ་ཡང་བསྐྱར་སྐྲུན་བྱེད་བཞིན་ཡོད་ཅིང་། ཁོ་པས་སེམས་ཁྲལ་སྤུ་ཙམ་ཡང་མེད་པའི་ངང་། “རྒྱུ་ཆ་ཡག་པ་མ་ཟད། ཇུས་འགོད་ཀྱང་ཡག་པོ་འདུག ད་དུང་ཁང་པ་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཀྱི་འདུག་པས་ང་རང་བློ་བདེ་པོ་འདུག”ཅེས་བརྗོད།

    ད་ཆ་ཁང་པ་གསར་པར་སྡོད་རྒྱུ་བྱུང་ཞིང་། བཀྲ་ཤིས་རྒྱལ་མཚན་གྱིས“ཁྱིམ་གཞིས་གསར་པ་ཚ་སོབ་སོབ། ཡུལ་མིའི་སེམས་པ་སྐྱིད་ལྷང་ལྷང”ཞེས་བློ་ཡིད་ཚིམ་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།