ཉག་ཆུ་འབབ་རྒྱུད་ཀྱི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་རྟེན་གཞིའི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་ཀྱིས་དུས་གཅིག་ཏུ་ཆུ་བཀག་པ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སྨད་རྟིང་རོང་ཆུ་ཤུགས་གློག་ཁང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བརྒྱད་ཟིལ་རྫོང་གི་ཉག་ཆུའི་ཆུ་གཞུང་དུ་གནས་ཤིང་། དེ་ནི་ཉག་ཆུའི་དབུས་རྒྱུད་ཀྱི“ཆུ་མཛོད་གཅིག་ལ་གློག་ཁང་བདུན”གྱི་གསར་སྤེལ་བྱས་པའི་སྐས་རིམ་གློག་ཁང་ལྔ་པ་དེ་ཡིན་པ་དང་། གློག་འདོན་ཚད་ཆན་ཝ་ཁྲི་240ཟིན་པ་དང་ལོ་རེར་ཆ་སྙོམས་གློག་འདོན་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་104ཙམ་ཟིན་གྱི་ཡོད། ཉག་ཆུ་འབབ་རྒྱུད་དུ་སྐྲུན་བཞིན་པའི་ཆུ་གློག་རྣམ་གྲངས་ཆེ་ཤོས་ཡིན་པའི་ངོས་ནས་གློག་དྲར་གློག་འདོན་ཤུགས་དེ་བས་ཆེ་བའི་འདེགས་སྐྱོར་ཐུབ་པ་དང་རང་ངོས་གཞི་ཁྱོན་གྱི་ལྡབ་1.6གི་རླུང་འོད་ནུས་རྒྱུ་གསར་པ་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་ཀྱི་ཡོད།
ཉ་སྐེ་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་ནས་གློག་འདོན་ཤུགས་ཆན་ཝ་ཁྲི་30དང་ལོ་རེར་ཆ་སྙོམས་གློག་འདོན་ཤུགས་ཆུ་ཚོད་ཆན་ཝ་དུང་ཕྱུར་11.5ཙམ་ཟིན་ཞིང་། བསྐྲུན་ཟིན་རྗེས་སྟོད་རྒྱུད་ཆུ་མཛོད་ཀྱི་ལོ་མང་སྙོམས་སྒྲིག་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་འབབ་རྒྱུད་ཀྱི་ཆུ་ནུས་ཧྲིལ་པོའི་བཀོལ་སྤྱོད་ཀྱི་ནུས་ཕྱོད་ཆེ་རུ་འགྲོ་རྒྱུ་རེད།
སྨད་རྟིང་རོང་དང་ཉ་སྐེ་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་ཀྱིས་དུས་བཀག་ལྟར་ཆུ་བཀག་པ་དང་སྐྲུན་མགྱོགས་སུ་བཏང་ནས། ཉག་ཆུའི་སྐས་རིམ་ཆུ་གློག་སྙོམས་སྒྲིག་གི་མི་མངོན་པའི་སྟོབས་ཤུགས་དེ་བས་སྔོག་འདོན་དང་། གློག་དྲ་འཁོར་སྐྱོད་ཁྲོད་ཆུ་གློག་གི་ཐེག་ནུས་ཆེ་རུ་གཏོང་བ། གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པར་རམ་འདེགས་བཅས་ཐུབ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉག་ཆུ་འབབ་རྒྱུད་ཀྱི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་རྟེན་གཞིར་གློག་འདོན་ཤུགས་ཆན་ཝ་ཁྲི་7800འཆར་འགོད་བྱས་ཏེ། 2035ལོར་སླེབས་སྐབས་ཚང་མ་སྐྲུན་ཐུབ་འཆར་ཡོད་པ་རེད། མིག་སྔར་རྟེན་གཞིའི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཆན་ཝ་ཁྲི་2100ཙམ་དང་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་1400ཟིན་ཏེ། རིམ་རྩིས་བརྒྱབ་ན། གློག་ནུས་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.1ལྷག་ཙམ་སྐྱེས་སུ་ཕུལ་ཡོད། རྟེན་གཞི་དེས་ཆུ་གློག(སྐས་རིམ་ཆུ་གློག་དང་ཆུ་འཐེན་ནུས་གསོག་ཚུད་པ)ལྟེ་བར་བྱས་ཏེ་རླུང་འོད་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་གསར་སྤེལ་ལ་སྐུལ་ཁྲིད་གང་ཐུབ་བྱེད་པ་དང་། 100%བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་མཁོ་སྤྲོད་མ་ལག་འཚོལ་ཞིབ་བྱས་ནས་བསྐྲུན་ཏེ། རྒྱལ་ཡོངས་ཀྱི་འབབ་རྒྱུད་གཙོ་བོའི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་དཔེ་སྟོན་རྟེན་གཞི་ཞིག་གཏོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།