རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་སྐུལ་སྤེལ་ཚོགས་འདུ་དང་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་སྐུལ་སྤེལ་ཚོགས་འདུ་དང་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རྒྱལ་དོན་ཨུ་ཡོན་དང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཁྲེན་དབྱི་ཆིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལོ་རྒྱུས་ལ་གུས་སྐྲག་དང་རིག་གནས་ལ་དགའ་ཞེན་གྱི་བསམ་པ་རྒྱུན་འཁྱོངས་བྱས་ནས་རིག་དངོས་ཡོངས་བཤེར་གྱི་དུས་མཚམས་གསུམ་པའི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། སྲུང་སྐྱོབ་བྱེད་དགོས་རིགས་ཚང་མ་སྲུང་སྐྱོབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིག་དངོས་གསར་པ་འཚོལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཡོངས་བཤེར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། གྲོང་ཁྱེར་གྱི་ཤེས་རིག་འཕེལ་རྒྱུན་ལ་སྲུང་སྐྱོང་བྱས་ཏེ་གྲོང་ཁྱེར་རྙིང་པར་བརྟག་དཔྱད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་དམངས་ཞུགས་པར་སྐུལ་འདེད་བཏང་ནས་རིག་དངོས་ཡོངས་བཤེར་ལས་དོན་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས་པ། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་ཁག་རིག་དངོས་སྲུང་སྐྱོང་ལས་ཁུངས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། རིག་དངོས་ཀྱི་གཞི་མར་དམིགས་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་དགོས་པ་བཅས་རེད། རིག་དངོས་འཚོལ་ཤུགས་ཆེ་རུ་གཏོང་རྒྱུ་དེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་སྐོར་གཟིགས་སྐོར་ཞིབ་དང་ལྟ་སྐུལ་སྒྲིག་བསྟར་གྱི་འགན་འཁྲི་བདའ་འདེད་ཀྱི་ཁྱབ་ཁོངས་དང་། ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་དམིགས་ཚད། རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟ་ཞིབ་བཅས་ནང་བཅུག་ནས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་སྔོན་དཔག་གི་དམིགས་ཚད་ལ་སླེབས་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།