ལྷོ་ཁ་གྲོང་ཁྱེར་དུ་ཞིང་འབྲོག་ཁུལ་གྱི་མྱུར་སྐྱེལ་གྲོང་ཚོར་འབྱོར་བ།
ས་མཐོའི་མྱུར་སྐྱེལ་གྲོང་ཚོ་ཡོངས་ལ་འབྱོར་བ།
སྲིད་འཛིན་གྲོང་ཚོ་577དང་། སློབ་གྲྭ་467 བཅའ་སྡོད་ཀྲུང་དབྱང་ཁེ་ལས་26བཅས་ཚང་མར་མྱུར་སྐྱེལ་ཞབས་ཞུ་ཧུར་ཐག་སྒྲུབ་ཀྱི་ཡོད་པ་རེད།
གྲོང་ཁྱེར་ཡོངས་ཀྱི“གྲོང་ཚོར་སྐྱེལ་བའི”མྱུར་སྐྱེལ་དངོས་པོ་ཁྲི་295.87ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་1.6འཕར་ཞིང་། དེའི་ནང་ཁྲི་146.39“སྦྲག་སྲིད་མྱུར་སྐྱེལ་མཉམ་ལས”ལ་བརྟེན་གྱི་ཡོད་པས་ཐག་རིང་གྲོང་ཚོར་ཡང་མྱུར་སྐྱེལ་འབྱོར་གྱི་ཡོད།
ཉེ་ཆར། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཧྲི་ཀྲང་གཞོན་པ་བྱམས་དགའ་ཡིས“ལྷོ་ཁ་གྲོང་ཁྱེར་གྱིས་སྔོན་ལ‘622དཔྱད་ཞིབ་ལམ་སྲོལ’བཟོས་ནས་ལོ་གཅིག་ལ་དཔྱད་བསྡུར་ཐེངས་གཉིས་བྱེད་པར་ཞབས་ཞུའི་སྤུས་ཚད་ཀྱིས་60%བཟུང་བ་དང་། མང་ཚོགས་བློ་ཡིད་ཚིམ་ཚད་ཀྱིས་20%བཟུང་བ། གཉེར་སྐྱོང་ཕན་འབྲས་ཀྱིས་20%བཟུང་ཡོད། ཚད་གཞི་མ་ལོན་ན་དངུལ་འཐེན་པ་དང་ཁེ་ལས་ཀྱིས་ཁ་གསབ་ལེན་འདོད་ན་སྔོན་ལ་རྩིས་ཞིབ་ཕྲ་རྒྱག་དགོས་ཀྱི་ཡོད”ཅེས་བཤད།
ནོར་སྲིད་ཀྱི་ཁ་གསབ་དང་ཞབས་ཞུའི་སྤུས་ཚད་ཟུང་འབྲེལ་བྱས་ནས་ཁེ་ལས་ལ“སྒུག་བརྟེན་སློང”གསུམ་བྱེད་དུ་འཇུག་མི་སྲིད་ལ། ལམ་ཐག་རིང་བར་གྱོང་གུན་ཕོག་པའི་དབང་གིས་སྐྱེལ་འདྲེན་མཚམས་འཇོག་ཀྱང་བྱེད་དུ་འཇུག་མི་སྲིད། སྲིད་གཞུང་གིས་དཔྱད་བསྡུར་རེའུ་མིག་གཅིག་གིས་ཡོངས་སུ་འགན་གཙང་ལེན་པའི་བྱེད་སྟངས་ཀྱི་ཚབ་བྱས་པས་སྤྱི་ཕན་གྱི་མཐའ་ཚད་བསྲུངས་ཡོད་ལ། ནོར་སྲིད་ཀྱི་འགྲོ་སོང་གཏོང་ཚོད་མེད་པའི་གནད་དོན་ཐག་གཅོད་ཀྱང་བྱས་ཡོད།
དོན་དངོས་ལས་ར་འཕྲོད་བྱས་དོན། ཁ་གསབ་ལ་མཚམས་ཚད་ཡོད་ན་ཁེ་ལས་ཀྱིས་རྩིས་རྒྱག་ཞིབ་ཕྲ་བྱེད་ཐུབ། སྦྲག་སྲིད་ཀུང་སིས་རང་འགུལ་ངང་སྦྲག་བསྐུར་ལམ་བུ་ལེགས་སུ་བཏང་བ་དང་དམངས་གཉེར་མྱུར་སྐྱེལ་རང་མོས་ངང་གྲོང་ཚོ་རིམ་པའི་ས་ཚིགས་སུ་བཅའ་སྡོད་བྱས་ཤིང་། སྤུས་རྟགས་དགུ་ཡིས“འགྲན་སློབ་སྙེག་བརྒལ་རོགས”བྱས་པས་དེ་སྔ་མྱུར་སྐྱེལ་མི་འབྱོར་བའི་ཞིང་འབྲོག་ཁུལ་གྱི་རྣམ་པར་རྦད་དེ་འགྱུར་ལྡོག་ཕྱིན་ཡོད།
“གྲོང་ཚོ་གཅིག་དང་ས་ཚིགས་གཅིག་ལ་སྤུས་རྟགས་མང་བ”ནི་ལྷོ་ཁའི་གསར་གཏོད་ཅིག་རེད། མྱུར་སྐྱེལ་ཁག་8ཀྱིས་མཉམ་དུ་ཞབས་འདེགས་ཞུས་པས་གྲོང་མིས་རང་ཉིད་ཀྱིས་གདམ་ག་བྱེད་ཆོག་གི་ཡོད། དེ་བས་གལ་ཆེ་བ་ཞིག་ནི་འགྲིམ་འགྲུལ་སྡེ་ཚན་གྱིས་འགྲུལ་སྐྱེལ་ལམ་ཐིག་དང་། སྦྲག་སྲིད་སྦྲག་ལམ། མྱུར་སྐྱེལ་དྲ་རྒྱ་བཅས་མཉམ་དུ་བཟོས་ནས་ཞོགས་པ་མི་སྐྱེལ་བ་དང་། ཉིན་གུང་དངོས་ཟོག་སྐྱེལ་བ། ཕྱི་དྲོར་སྟོང་པར་ལོག་ནས་འགྲུལ་སྐྱེལ་ལམ་ཐིག་དེ“འགྲུལ་པ་དང་། ཟོག་འདྲེན། སྦྲག་སྲིད”བཅས་མཉམ་འདྲེས་ཀྱི་ལམ་ཐིག་ཏུ་གྱུར་ནས་སྐྱེལ་འདྲེན་སྤྱོད་ཚད་40%ཡན་མཐོ་རུ་ཕྱིན་པ་དང་དངོས་ཟོག་རྐྱང་མའི་སྐྱེལ་འདྲེན་མ་གནས་30%ཆག་ཡོད། དེ་ནི་སྲིད་འཛིན་གྱིས་མཁྲེགས་ཆས་སྡེབ་སྒྲིག་དང་ཁྲོམ་རས་མཉེན་ཆས་བཀོད་སྒྲིག་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་སོ་སོས་རང་རང་གི་ནུས་པ་མི་འདྲ་བ་བཏོན་ནས་ཞིང་འབྲོག་ཁུལ་ལ་ཞབས་འདེགས་ཧུར་ཐག་ཞུས་ཡོད་པ་རེད།
མི་འབོར་ཅུང་ཉུང་བའི་ཡུལ་སྨད་ཤང་དུ་མྱུར་སྐྱེལ་བྱེད་ཚད་ཉིན་རེར་བསྐུར་མ་10ཡང་ཟིན་གྱི་མེད་པས། ཁྲོམ་ར་ལེགས་སྒྲིག་ཁོ་ནར་བརྟེན་ན་ནུས་པ་དེ་ཙམ་ཐོན་གྱི་མེད། དེར་བརྟེན་ལྷོ་ཁ་གྲོང་ཁྱེར་གྱིས་སྦྲག་སྲིད་ཀྱི“རྒྱལ་ཁབ་རུ་ཁག”གིས་ཐ་སྐྱོང་བྱས་ནས་ཁ་གསབ་ཀྱི་ལམ་སྲོལ་བཟོས་ཏེ་ཧྲུན་ཧྥུང་དང་ཀྲུང་ཐུང་སོགས“དམངས་གཉེར་རུ་ཁག”གིས་གཞི་ཁྱོན་ལྡན་པའི་གྲོང་ཚོར་མྱུར་སྐྱེལ་བྱས་ནས་དེ་མཚུངས་ཀྱི་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད། “མདོར་བསྡུས་ནས་བརྗོད་ན། སྦྲག་བསྐུར་ཉུང་བའི་ས་ཆ་དང་གྲོང་ཚོར་རྒྱལ་ཁབ་རུ་ཁག་གིས་ཐ་སྐྱོང་བྱེད་པ་དང་། མི་འབོར་མང་བའི་གྲོང་ཚོ་ཆེན་པོར་དམངས་གཉེར་རུ་ཁག་གིས་འགན་འཁུར་བ་དང་ཧྲུན་ཧྥུང་གིས་འགྲན་རྩོད་དེའི་ནང་ཞུགས་ཀྱི་ཡོད་པས་སུས་ཞབས་འདེགས་ཡག་པོ་ཞུས་ན་དེར་ཁེ་བཟང་མང་བ་རག་གི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུས་ཏང་ཙུའི་ཧྲུའུ་ཅི་ཕན་ཧུང་དབྱིང་གིས་ངོ་སྤྲོད་བྱས།
ལེགས་སྒྲིག་བྱས་འབྲས་ནི་ཐག་རིང་གྲོང་ཚོར་མྱུར་སྐྱེལ་འབྱོར་ཐུབ་པ་དང་གཞི་ཁྱོན་ལྡན་པའི་གྲོང་ཚོར་མྱུར་སྐྱེལ་གྱི་འགྲན་རྩོད་ཆེ་བས་ཕྱོགས་གཉིས་འཁོར་རྒྱུག་གི་སྐྱེལ་འདྲེན་ས་མཐོར་བདེ་བླག་བྱུང་ཞིང་། སྦྲག་སྲིད་སྤྱི་ཕན་གྱི་ངོ་བོ་ནི་འབོད་ཚིག་ཙམ་མིན་པར་རྒྱུན་མཐུད་ཚོང་ལས་ཀྱི་རྣམ་པ་གཏོད་པའི་ཐབས་བཟང་དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།