འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཨའོ་མོན་དུ་འགོ་ཚུགས་པ།
ཝང་ཧུའུ་ཉིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་3ཉིན། འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ཨའོ་མོན་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་སྦྲགས། ཚོགས་འདུར་ཞུགས་མཁན་གོ་ལ་ཧྲིལ་པོའི་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པའི་འཐུས་ཚབ་དང་། རྒྱལ་ཁབ་ཕྱི་ནང་གི་ཕྱིར་སྡོད་སྤུན་ཟླ། དེ་བཞིན་ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། དུས་ཡུན་རིང་པོར་གོ་ལ་ཧྲིལ་པོའི་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པས“ཁྱིམ་ཚང་དང་རྒྱལ་ཁབ་ཡིད་ལ་བཅངས། གནམ་འོག་ལ་ཕན་པ་སྒྲུབ་པའི”བརྩེ་སེམས་དང“ཡིད་རྟོན་ལས་སྒྲུབ་དང་སྒོ་དབྱེ་གཉིས་ཕན”གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཐོག་ཕྱིར་སྡོད་སྤུན་ཟླས་ཟམ་པ་ལྟ་བུ་བྱེད་པ་དང་ཚོང་ལས་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། སྐབས་འདིའི་ཚོགས་ཆེན་ཐོག“ཕྱིར་སྡོད་ཀྲུང་གོ་བའི་ཚོང་པའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་གྲོས་མཉམ་འཛུགས”བྱ་རྒྱུ་བརྗོད་དོན་གཙོ་བོར་བཟུང་ནས་རྒྱ་ཆེའི་ཀྲུང་གོ་བའི་ཚོང་པས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་འཛམ་གླིང་གིས་དོ་ཁུར་བྱ་ཡུལ་ལ་ཨ་ལན་སློག་པའི་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་མཚོན་ཡོད་པས། ཚོགས་ཞུགས་སྐུ་མགྲོན་ཚོས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བརྩིས་ནས་མཉམ་ལས་ཀྱི་ཐབས་ལམ་གསར་པ་མཉམ་དུ་འཚོལ་བ་དང་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་མཉམ་དུ་བཏོད་དེ། འགྱུར་ལྡོག་ཆེ་བའི་འཛམ་གླིང་ལ་དྲང་ནུས་དེ་བས་མང་པོ་སྣོན་པར་ཡིད་ཆེས་ཡོད།
ཝང་ཧུའུ་ཉིང་གིས་གསུངས་དོན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་འགོ་བརྩམས་ཡོད། འདི་ནི་ཀྲུང་གོ་རང་ངོས་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་ལ། མིའི་རིགས་ཡོངས་ལ་ཡར་རྒྱས་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེ་རུ་བཏང་ནས་ཀྲུང་གོའི་འཕེལ་རྒྱས་གསར་པ་དེ་རྒྱལ་ཁབ་ཁག་གི་གོ་སྐབས་གསར་པར་འགྱུར་བར་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱ་ཆེའི་ཕྱིར་སྡོད་ཀྲུང་གོ་བའི་ཚོང་པ་ཚོས་ལེགས་ཆ་འདོན་སྤེལ་དང་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་ཕྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། ཚན་རྩལ་སྤེལ་རེས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་པའི་ཁྲོད་གྲུབ་འབྲས་གསར་པ་མངོན་པ་དང་འཕེལ་རྒྱས་གསར་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།