ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ལི་སྨི་ཧྲུའུ་སི་ཅིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོ་ཚུན། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཐད་ཆུ་ཚད་དེ་བས་མཐོ་བ་དང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ནས། རླུང་རླབས་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་ཁྲོད་གདེང་ཚོད་ཆེན་པོས་མདུན་དུ་བསྐྱོད་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ་ནི་ཕྱོགས་གཉིས་པོའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ངས་ཙུང་ཐུང་ཕུའུ་ཅིང་དང་མོ་སི་ཁོ་དང་པེ་ཅིང་དུ་ཐུག་འཕྲད་ཐེངས་གཉིས་བྱས་ནས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་གནད་དོན་སྐོར་ལ་སྤེལ་རེས་གཏིང་ཟབ་བྱས་ཏེ་ཇུས་འགོད་དང་བཀོད་སྒྲིག་གསར་པ་བྱས་ཡོད། ཕྱོགས་གཉིས་པོས་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ང་དང་ཙུང་ཐུང་ཕུའུ་ཅིང་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་པ། ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་ཕན་ཚུན་མ་འཇོག་བྱེད་རྒྱ་བརྟན་པོའི་ངང་ཆེ་རུ་བཏང་ནས་ནུས་རྒྱུ་དང་། མཉམ་སྦྲེལ་མཉམ་མཐུད། ཞིང་ལས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་བྱེད་དགོས། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་ལས་རྣམ་གསར་པའི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས། མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་དགོས། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དེ་བས་མང་བ་ཀྲུང་གོ་དང་ཨུ་རུ་སུའི་མཛའ་མཐུན་མཉམ་ལས་ཀྱི་བྱ་གཞག་ནང་ཞུགས་སུ་འཇུག་དགོས། ཉིན་ཤས་གོང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་བྱས་པ་དང་འཐབ་ཇུས་ཀྱི་འཆར་གཞི་བཀོད་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དང་ཨུ་རུ་སུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དེ་བས་ཡག་པོ་ཐུབ་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཟམ་མི་ཆད་པར་སྐྲུན་འདོད་ཡོད།
སྨི་ཧྲུའུ་སི་ཅིང་གིས་ཙུང་ཐུང་ཕུའུ་ཅིང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་ཞུ་གནང་ཞིང་། སྨི་ཧྲུའུ་སི་ཅིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ། ཀྲུང་གོས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད། ད་ལོ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞལ་འཛོམས་ཐེངས་གཉིས་གནང་ནས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་འཆར་གཞི་བཀོད་གནང་བས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་ཕྱིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱས་ནས། དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ནུས་རྒྱུ། ཞིང་ལས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།