དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཀྱི་སེམས་ཁྲལ་བསལ། དམངས་ཕན་ལས་ལ་གཞོལ།

    —— ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་གི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོ་གྲོང་ཚོ་ཁག་ཏུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-05

    ཉེ་ཆར། ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་ལྷ་ས་གྲོང་ཁྱེར་དང་། ལྷུན་གྲུབ་རྫོང་། ལྕང་ར་ཤར་ཤང་བཅས་ཀྱི་རིམ་གསུམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་རྫོང་དེའི་སྲིད་འཛིན་གྲོང་ཚོ་ཁག་གི་གྲོང་ཚོ་ཨུ་ལྷན་དུ་བསྐྱོད་ནས། “དམངས་ཀྱི་སེམས་གཏམ་ཉན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཕན་ལས་ལ་གཞོལ་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྣེ་ལེན་ཞུ་བའི་ཉིན་མོའི”བྱེད་སྒོ་མཉམ་དུ་སྤེལ་བ་རེད།

    བྱེད་སྒོའི་རིང་། འཐུས་མི་དང་མང་ཚོགས་ཚོས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་བསམ་འཆར་དང་གྲོས་འགོ་ཉན་པ་མ་ཟད། དུས་ཚིགས་གཉིས་པའི་སྐབས་ཀྱི་བསམ་འཆར་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་སྟེ། ཞབས་ཞུ་མདུན་སྤོ་མང་ཚོགས་དང་དེ་བས་ཉེ་བཅར་ཡོང་བར་སྐུལ་འདེད་བཏང་བ་རེད། ཐེངས་འདིའི་བྱེད་སྒོས་དེ་སྔ་ཤང་གི“མི་དམངས་འཐུས་ཚོགས་ཀྱི་ཁྱིམ་གཞིས”སུ་གཅིག་སྡུད་ཐོག་སྤེལ་བའི་ལུགས་སྲོལ་ལ་འགྱུར་ལྡོག་བཏང་ནས། བྱེད་སྒོ་སྤེལ་ཡུལ་དེ་གྲོང་ཚོ་ཁག་གི་གྲོང་ཚོའི་ཨུ་ལྷན་དང་གྲོང་མིའི་འཐུས་མིའི་བྱེད་སྒོ་ཁང་སོགས“སྒོ་རྩར”བཀོད་སྒྲིག་བྱས་པ་རེད། ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པས་སྔོན་ལ་འཆར་འགོད་བྱས་ཐོག་འདེམས་ཁུལ་ཁག་གི་འཐུས་མི་ཁྱབ་ཚུལ་དང་ཞིང་བྲེལ་དུས་ཚོད་དང་ཟུང་འབྲེལ་བྱས་ནས། སྣེ་ལེན་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་པ་དང་། ལས་དོན་འབྲེལ་གཏུག་ཚོགས་པ་དང་ཡུལ་མིའི་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས། བྱེད་སྒོའི་ཞིབ་ཕྲའི་གནས་ཚུལ་གསལ་བརྡ་བཏང་སྟེ་ཚང་མས་ལས་ཞོར་དུ་ཐག་ཉེ་ས་ནས་ཞུགས་ཐུབ་པར་སྟབས་བདེ་བསྐྲུན་པ་རེད།

    བྱེད་སྒོ་སྤེལ་བའི་ཉིན་དེར། འཐུས་མི་ཚོ་སྔ་མོ་ནས་གྲོང་ཚོ་རིམ་པའི་སྣེ་ལེན་ས་ཚིགས་སུ་ཡོང་ནས་ཞིང་ལས་ཐོན་སྐྱེད་དང་། ཆུ་བེད་སྒྲིག་བཀོད། ཁོར་ཡུག་བཅོས་སྒྲིག སྨན་བཅོས་འགན་སྲུང་སོགས་ཐད་ཀྱི་འདེམས་དམངས་ཚོའི་རེ་ཞུ་ངང་རྒྱུད་རིང་པོས་ཉན་ནས་ཟིན་ཐོར་ནན་ཏན་བཀོད་པ་རེད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཆམ་མཐུན་ཡིན་པ་དང་འདེམས་དམངས་ཚོས་གང་བསམ་ལྷུག་གླེང་བྱས་པ་རེད།

    ཞིང་བྲེལ་ཆེ་བའི་ཁར་ཐན་པ་བསྟན་པའི་གནས་ཚུལ་ལ་དམིགས་ནས། འཐུས་མི་ཚོས་འདེམས་དམངས་ཀྱིས་བཏོན་པའི་ཞིང་ལས་ཐོན་སྐྱེད་དང་། ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནད་དོན་ལ་གཞིགས་ཏེ། ཞིང་ཆུ་དཀོན་པ་དང་། མི་ཕྱུགས་ཀྱི་འཐུང་ཆུ་མི་འདང་བ། ས་ཞིང་འགན་བཅོལ་ལག་བསྟར་སོགས་སྐོར་གྱི་གནད་དོན་རེ་རེ་བཞིན་སྐད་ཆ་དྲིས་ནས་ཟིན་ཐོར་བཀོད་པ་རེད། ས་ཡུལ་དངོས་སུ་ལན་འདེབས་ཐུབ་པའི་སྲིད་ཇུས་ཀྱི་བློ་འདྲིར་ཁྲིམས་སྲོལ་གཞིར་བཟུང་ལན་ཁ་གསལ་བཏབ་པ་དང་། རྩིས་སྤྲད་ནས་སྒྲུབ་གཉེར་བྱེད་དགོས་པའི་གནད་དོན་དག་ལེགས་སྒྲིག་བྱས་རྗེས་འཐུས་མིའི་གྲོས་འགོའི་རྣམ་པའི་ཐོག་ནས་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུས་ཏེ་འབྲེལ་ཡོད་སྡེ་ཚན་ལ་རྩིས་སྤྲོད་རྒྱུའི་ཁས་ལེན་བྱས་པ་མ་ཟད། རྗེས་སྙེགས་ལྟ་སྐུལ་ཡག་པོ་བྱས་ཏེ་རེ་ཞུའི་དོན་དག་ཚང་མར“ལན་ཁ་གསལ་གཏིང་གསལ་ཡོང་བར”འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།