ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་གིས་མི་ཧྲེང་རྒན་རྒོན་གྱི་རྒན་གསོའི་དཀའ་གནད་ཐག་གཅོད་བྱེད་པ།
“བདེ་འཇགས་དྲིལ་བུ”ཆུང་ཆུང་གིས་རྒན་རྒོན་གྱི་སེམས་ཁྲལ་བསལ་བ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་དུ་མི་ཧྲེང་རྒན་རྒོན་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བྱ་བཟང་ཞིག་སྒྲུབ་བཞིན་ཡོད། མི་ཧྲེང་རྒན་རྒོན་18ཀྱི་ཁྱིམ་དུ། ཆེ་ཆུང་སྦར་མཐིལ་ཙམ་གྱི་མཐེབ་བཀྱག་དམར་པོ་བསྒར་བའི་སྒྲིག་ཆས་ཤིག་ཡོད་པ་སྟེ། དེ་ནི“མཐེབ་གཅིག་འབོད་ཆས”རེད།
སྡེ་ཁུལ་གྱི་རྒན་རྒོན་ཚོས་དེར“བདེ་འཇགས་དྲིལ་བུ”ཞེས་འབོད་ཀྱི་ཡོད། སྟབས་བདེའི་སྒྲིག་ཆས་ཆུང་ཆུང་དེས་རྒན་རྒོན་དང་གྲོང་ཚོའི་ལས་བྱེད་པ་དང་། གྲོང་སྡོད་ལས་བྱེད་པ་དང་དྲ་མིག་པ་བཅས་ལས་གྲུབ་པའི་དང་བླངས་ཞབས་ཞུའི་རུ་ཁག་དབར་མཐོང་རྒྱུ་མེད་པའི“ལྟ་སྲུང་སྐུད་ལམ”ཞིག་སྦྲེལ་ཡོད། རྒན་རྒོན་ལ་དགོས་མཁོ་ཡོད་ཚེ། མཐེབ་གནོན་དེ་མནན་འཕྲལ་ཞབས་འདེགས་ཞུ་མཁན་ཡོད།
ཉེ་བའི་ལོ་ཤས་རིང་། ཤ་གསོས་ཤང་གིས་མ་དངུལ་་སྒོར་ཁྲི་500ལྷག་ཙམ་བསྡུ་སྒྲིལ་བྱས་ནས་ཤང་ཡོངས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་རིམ་སྤོར་སྒྱུར་བཀོད་བྱས་ཏེ། རང་རང་སོ་སོའི་ཁྱད་ཆོས་ལྡན་པའི“སྐར་མ་ལྔའི་ཞབས་ཞུའི་འཁོར་རྒྱ”བསྐྲུན་ཡོད།
ཚོགས་རྒྱལ་གྲོང་ཚོའི་བློ་རིག་ཁྱིམ་སྡོད་ཞབས་ཞུ་ས་ཚིགས་སུ་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཛ་དྲག་སྐད་འབོད་མ་ལག་སྒྲིག་སྦྱོར་བྱས་ཡོད་པས་རྒན་རྒོན་ཚོ་རྒྱུན་དུ་འགྲོ་དགའ་ཤོས་ཀྱི་གནས་སུ་གྱུར་ཡོད།
རྒྱ་ཁྱོན་སྨི་ངོས་གྲུ་200ཙམ་ཡང་མ་ཟིན་པའི་ས་ཚིགས་འདི་ནས་ཉིན་ལྟར་དྲོ་སྐྱིད་ལྡན་པའི་རྣམ་པ་མངོན་པ་སྟེ། རྒན་རྒོན་ཚོས་གསོ་རླུང་རྔུབ་བཞིན་མིག་མངས་རྩེ་བ་དང་། བུད་མེད་ཚོ་མཉམ་དུ་འཛོམས་ནས་བལ་ལས་བྱེད་པ། བྱིས་པ་ཚོ་དཔེ་དེབ་ལྟ་ཀློག་ཁུལ་དུ་རང་འདོད་ལྟར་དཔེ་དེབ་ཀློག་གི་ཡོད།
བློ་རིག་ས་ཚིགས་འཛུགས་སྐྲུན་གྱི་ཉམས་མྱོང་ལ་གཞིགས་ནས། ཤ་གསོས་ཤང་གིས་རྒན་རྒོན་གྱི་ཁྱིམ་ཚང་བར་ཞབས་ཞུ་སྔར་བས་ཁྱབ་པར་བྱས་ཏེ། རང་རང་སོ་སོའི་ཁྱད་ཆོས་ལྡན་པ་དང་སྟབས་བདེ་ཡོད་པའི“བདེ་འཇགས་དྲིལ་བུའི”ཞབས་འདེགས་ཞུ་གི་ཡོད།
“བདེ་འཇགས་དྲིལ་བུ”བསྒར་དགོས་ན། ཐོག་མར་སུ་ལ་དགོས་མཁོ་ཆེ་ཤོས་ཡིན་པ་ངོས་འཛིན་གསལ་པོ་བྱེད་དགོས། ཤ་གསོས་ཤང་གི་ལས་བྱེད་པས་དུས་འགོའི་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་པ་སྟེ། གྲོང་ཚོའི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག དྲ་མིག་པ་བཅས་གྲོང་ཚོའི་རྒན་རྒོན་གྱི་ཁྱིམ་དུ་ཐེངས་མང་བསྐྱོད་དེ་རྒན་རྒོན་ཚང་མའི་ཁྱིམ་ཚང་གི་གནས་ཚུལ་དང་། བདེ་ཐང་གི་གནས་ཚུལ། འཚོ་སྡོད་ཁོར་ཡུག དམིགས་བསལ་གྱི་དགོས་མཁོ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།
གློག་རྡུལ་ཐོན་རྫས་ལ་རྒྱུས་མངའ་དེ་ཙམ་མེད་པའི་རྒན་རྒོན་ཚོགས་སྤྱིར་ཤང་ནས་ལག་རྩལ་པ་རྒན་རྒོན་གྱི་སྒོ་རྩར་བཏང་སྟེ“བདེ་འཇགས་དྲིལ་བུ”སྤྱོད་སྟངས་བསླབ་ཀྱི་ཡོད།
“བདེ་འཇགས་དྲིལ་བུར”མི་རྣམས་བློ་སེམས་བདེ་པོ་ཡོང་དོན་ནི་ཉིན་མཚན་དབྱེར་མེད་སྲུང་མཁན་ཡོད་པའི་ལམ་སྲོལ་བཟོས་པས་རེད།
རྒན་རྒོན་མགོ་ན་བ་དང་། ཚ་བ་རྒྱས་པ། སྨན་ཉོ་དགོས་པའམ་ཡང་ན་མི་བཙལ་ནས་སྐད་ཆ་ཤོད་བསམ་ན། མཐེབ་བཀྱག་དེ་མནན་ཚེ་དང་བླངས་པའི་ལག་ཐོགས་ཁ་པར་ཐོག་ཆ་འཕྲིན་འབྱོར་གྱི་ཡོད་པ་དང་། ཁོང་ཚོས་ཀྱང་ལམ་སེང་རྒན་རྒོན་གྱི་ཁྱིམ་དུ་སྐྱོད་ཀྱི་ཡོད།
དེ་བས་སྙིང་ཉེ་བ་ཞིག་ལ། མ་ལག་དེས་ད་དུང་དང་བླངས་པས་འབོད་བརྡ་གཏོང་ཐུབ་ཅིང་། དང་བླངས་པས་རང་འགུལ་ངང་མ་ལག་བརྒྱུད་རྒན་རྒོན་དང་འབྲེལ་བ་བྱས་ཏེ“དེ་རིང་ཁ་ལག་ཟས་ཚར་མིན”དང“གཟུགས་པོ་བདེ་པོ་ཡོད་མེད”སོགས་སྐད་ཆ་འདྲི་ཐུབ།
ཕྱོགས་གཉིས་དབར་སྤེལ་རེས་བྱེད་ཐུབ་པའི་ཚན་རྩལ་སྒྲིག་ཆས་དེ་དྲོ་སྐྱིད་ལྡན་པའི“སྲུང་སྐྱོབ་དྲིལ་བུར”གྱུར་ཡོད།
ཤ་གསོས་ཤང་གི་ཤང་ཀྲང་ཧྥེང་ཧྲུའུ་ཡིས“ང་ཚོས་ཚོགས་སྤྱི་ཚང་མས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད།
ད་ཆ་ཤ་གསོས་ཤང་དུ་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ས་དེ་ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་བ་དམ་ཟབ་བྱེད་པའི“སེམས་སྦྲེལ་ཟམ་པ”དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི“དྲོ་སྐྱིད་ལྡན་པའི་ས་ཚིགས” གཞི་རིམ་བཅོས་སྐྱོང་གི“སོ་ལྟ་ཁང་མདུན་མ”བཅས་སུ་གྱུར་ཡོད།
“བདེ་འཇགས་དྲིལ་བུ”ཆུང་ཆུང་ནི་རྒན་རྒོན་གྱི་བདེ་སྲུང་ཉི་གདུགས་ཤིག་དང་འདྲ་བར་རྒན་རྒོན་ལ་གཡས་གཞོགས་གཡོན་འདེགས་བྱེད་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།