ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་དོན། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་བྱེད་པའི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ཏང་གི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁོངས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་10སྔ་རྗེས་སུ་གཙོ་སྐྱོང་གནང་ནས་ཤར་ནུབ་བརྟེན་རེས་དང་། ལྷོ་བྱང་མཉམ་སྒྲུབ། སྐམ་མཚོ་སྤྱི་འདོམས་བཅས་བྱེད་པའི་ས་ཁོངས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་འགོད་པར་ཁྲིད་སྟོན་གནང་ཡོད། ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་གཅིག་འདོམས་བྱས་པའི་འོག ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་བ་ནས། རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་ངེས་གནས་འཚོལ་ཞིབ་དང་། དཔལ་འབྱོར་ཞིང་ཆེན་གྱིས་ལྕི་འགན་འཁུར་བ་དང་ས་ཁུལ་གཞན་དག་གིས་རང་སོ་སོའི་ལེགས་ཆ་བཏོན་པའི་བར། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐྱེ་སྟོབས་འཕེལ་བར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་ནུས་ཆེན་པོ་བསྣན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ཆེས་རྒྱུན་གཏན་དང་སྤྱིར་བཏང་མིན་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་བར་མི་འཛེམ་པར་འབད་འབུངས་མདུན་སྐྱོད་བྱས་ནས། དུས་རབས་རིམས་ནད་ཀྱི་རྡབ་རྡེག་ཚབས་ཆེན་གྱི་ཚོད་བགམ་ཐེག་པར་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅག་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། དེས་ན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ང་ཚོ་ལྟ་བུའི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོ་སྐྱོང་བར། གལ་ཏེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་གོམ་སྟབས་གཅིག་མཐུན་མེད་ཚེ། བྱ་བ་གང་ཡང་སྒྲུབ་མི་ཐུབ་པའི”ཆོད་གཏམ་གལ་ཆེན་ལ་གོ་བ་དེ་བས་གཏིང་ཟབ་ལེན་དགོས།
དུས་བབ་ཇི་ཙམ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་ན། དེ་ཙམ་གྱིས་ཏང་གི་འགོ་ཁྲིད་ཀྱི་དགེ་མཚན་ཆེ་ཤོས་འདི་མཐའ་འཁྱོངས་ཡག་པོ་དང་། བེད་སྤྱོད་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས་པ་ལོ་རྒྱུས་དང་ལག་ལེན་ལས་གང་ལེགས་མཚོན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ནང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་སྔ་འཛིན་ཕྱི་མཐུད་ཀྱི་གནས་བབ་གལ་ཆེན་ལྡན་ཡོད་པ་དང་། ཁ་གཏད་དགོས་པ་ནི་གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་ཡིན་པ་དང་། གཡོལ་ཐབས་བྲལ་བ་དང་སྐོར་ཐབས་མེད་པ་ནི་གདིང་རྩའི་འགལ་ཟླ་རེད། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འཕྲད་པའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་དབྱེ་ཞིབ་གཏིང་ཟབ་བྱེད་པའི་ཐད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཨང་དང་པོར་བཞག་ནས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་མཐུད་སྤྱད་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད། བླང་བྱ་འདི་དག་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་བྱས་ནས། ཏང་གི་འགོ་ཁྲིད་དེ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞུགས་པའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཚེ། གཞི་ནས་སེམས་མཐུན་སྟོབས་སྒྲིལ་དང་གསར་འབྱེད་ཡར་བརྩོན་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཐུབ།
ཏང་ལ་དོ་དམ་དང་ཏང་སྐྱོང་བར་ཕན་འབྲས་ཇི་ཙམ་ཐོན་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་སྲུང་དེ་ཙམ་གྱིས་ནུས་ལྡན་ཡོང་ཐུབ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བར་ངེས་པར་དུ་ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བློ་རྩ་བརྟན་པོར་བརྟེན་ནས། ཏང་གི་རང་ངོས་གསར་བརྗེའི་བླང་བྱ་མཐའ་གཅིག་ཏུ་དོན་ཐོག་ཏུ་འཁྱོལ་བ་དང་། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བརྟན་པོ་བྱེད་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དེ་རྩ་བའི་རིན་ཐང་འཛིན་ཕྱོགས་སུ་བརྩིས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་གཞག་ཐོབ་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློས་འཁེལ་ཤོས་དང་། གཏིང་ཟབ་ཤོས། ཡུན་རིང་ཤོས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ལྡན་པར་བྱེད་དགོས།
ད་ཆ། 2035ལོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ལོ་10ལས་མེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བར་ལོ་20ལྷག་ཙམ་ལས་མེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འབྱུང་འགྱུར་ལོ་5ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པ་དང་། ལོ་5འདི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་ལག་ལེན་བསྟར་མཁན་ཡག་པོ་ཞིག་བྱས་ནས། མི་དམངས་མང་ཚོགས་ཁྲོད་ཀྱི་འཛད་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ནས། གོམ་པ་རེ་རེ་བཞིན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།