རྣམ་པར་བཀྲ་བའི་མེ་ཏོག་ལས་འཚོ་བ་གསར་པར་བཀྲག་མདངས་སྦྱིན།
—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་བསྐྱོད་པའི་མཐོང་ཐོས།

འདི་ནི་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིའི་ལས་མིས་བཏུས་མ་ཐག་པའི་ཁ་ཆེ་ཤ་སྐམ་སྟོན་བཞིན་པ།
འབྲས་ལྡན་དུས་ཀྱི་ཟླ་བ་བཅུ་པར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་མུག་ཏོག་གྲོང་ཚོའི་ཁ་ཆེ་ཤ་སྐམ་འདེབས་འཛུགས་རྟེན་གཞིར་ཡུལ་མི་ཚོ་ཞོགས་སྔ་པོ་ནས་ལས་ལ་བྲེལ་བཞིན་ཡོད། ཁོང་ཚོས་ལག་རྩལ་པའི་མཛུབ་ཁྲིད་འོག་གཟབ་གཟབ་སིལ་སིལ་ངང་ཁ་ཆེ་ཤ་སྐམ་འཐུ་བཞིན་འདུག
ཡུལ་མི་སྐལ་བཟང་དབང་མོའི་སི་རའི་ནང་བཀོག་མ་ཐག་པའི་ཁ་ཆེ་ཤ་སྐམ་རེད་འདུག ཁ་ཆེ་ཤ་སྐམ་མེ་ཏོག་བཞད་པ་ནས་ལྷུང་བའི་བར་དུས་ཚོད་ཆུ་ཚོད་ཁ་ཤས་ལས་མེད། གལ་ཏེ་དུས་ཐོག་ཏུ་མ་བཏུས་ན་མེ་ཏོག་ལྷུང་ཚེ་རིན་ཐང་གང་ཡང་མེད། “འདི་གར་ལས་ཀ་བྱས་ན་ཁྱིམ་དང་ཐག་ཉེ་པོ་རེད་ལ། ཉིན་གླ་ཡང་སྒོར་200ལེན་རྒྱུ་འདུག”ཅེས་སྐལ་བཟང་དབང་མོས་བཤད།
“ད་ལྟ་ནི་ཁ་ཆེ་ཤ་སྐམ་ལ་མེ་ཏོག་བཞད་མང་ཤོས་ཀྱི་དུས་རེད། ཉིན་ལྟར་མེ་ཏོག་འཐུ་མཁན་ལས་མི་10ལྷག་ཙམ་ཡོད། ད་ལོ་ཁ་ཆེ་ཤ་སྐམ་ཐོན་འབབ་སྤྱི་རྒྱ་270ནས་300བར་ཡོང་བཟོ་འདུག”ཅེས་ཉིང་ཁྲི་ཐན་ཝང་ཞིང་འབྲོག་ཐོན་ཟོག་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་པིན་ཞུང་གིས་ངོ་སྤྲོད་བྱས།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་བྲག་ཡིབ་ཆུས་སྨན་རི་ཤང་གིས་ཁ་ཆེ་ཤ་སྐམ་ཚོད་འདེབས་བྱས་པ་དང་། 2024ལོར་སླེབས་སྐབས་རྟེན་གཞིའི་ཁ་ཆེ་ཤ་སྐམ་གྱི་ལོའི་ཐོན་འབབ་སྤྱི་རྒྱ་160ཟིན་ནས་ཁ་ཆེ་ཤ་སྐམ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་མངོན་འགྱུར་བྱུང་ཡོད། དེའི་རིང་ཁ་ཆེ་ཤ་སྐམ་འདེབས་འཛུགས་དེ་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་སྒུལ་ཤུགས་གསར་པར་རིམ་བཞིན་གྱུར་ཡོད།
“ཁ་ཆེ་ཤ་སྐམ་གྱི་རྟེན་གཞི་ཡོད་པ་ནས་བཟུང་། ང་ཚོས་ས་ཞིང་ཀུང་སིར་བརྒྱུད་བཤུག་བཏང་བ་ཡིན། དུས་རྒྱུན་འདི་གར་ལས་ཀ་བྱེད་པར་ཡོང་གི་ཡོད། འདི་ནས་ལག་རྩལ་ཤེས་པ་མ་ཟད། ད་དུང་གླ་ཆ་ཡང་དུས་ཐོག་ཏུ་རག་གི་འདུག་པས་ཧ་ཅང་དགའ་པོ་འདུག”ཅེས་ཡུལ་མི་འབྲུག་ཚེ་རིང་གིས་བཤད།
ད་ལོ་ཉིང་ཁྲི་ནས་ཐོན་པའི་ཁ་ཆེ་ཤ་སྐམ་གྱིས་རྒྱལ་སྤྱིའི་ཁྲོམ་རའི་སྒོ་མོ་ཕྱེ་ནས་ཐོན་རྫས་ཁག་ཐེངས་དང་པོ་ཟླ་ལྔ་པར་ཁ་ན་ཏར་ཕྱིར་གཏོང་བྱས་པ་རེད། མིག་སྔར་འཐུ་བཞིན་པའི་ཁ་ཆེ་ཤ་སྐམ་འདི་དག་ཤང་ཀང་བརྒྱུད་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་གཏོང་རྒྱུ་དང་། ཁ་ཆེ་ཤ་སྐམ་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཁ་ན་ཏར་གཏོང་རྒྱུ་རེད། “ང་ཚོས་ད་ཆ་ཕྱིར་གཏོང་ཐེངས་གཉིས་པའི་ཐོན་རྫས་གསར་པ་ལས་སྣོན་བྱེད་བཞིན་ཡོད་པ་དང་། མིག་སྔར་མངགས་ཐོའི་དངུལ་འབོར་སྒོར་ཁྲི་300ཟིན་འདུག”ཅེས་ཁྲེན་པིན་ཞུང་གིས་སྤོབས་སེམས་ཆེན་པོས་བཤད།
འབྱུང་འགྱུར་རྟེན་གཞིས་ཐོན་ལས་འཁོར་འབྲེལ་མུ་མཐུད་སྣུར་སྲིང་བྱས་ཏེ་ཁ་ཆེ་ཤ་སྐམ་གྱི་རིགས་འབྲེལ་ཐོན་རྫས་གསར་སྤེལ་བྱས་ནས། ཉིང་ཁྲིའི་ཁ་ཆེ་ཤ་སྐམ་དེ་བས་ཡངས་པའི་ཁྲོམ་རར་གཏོང་ཐུབ་པ་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།