འཛམ་གླིང་ལ་སྒོ་དབྱེ་མཉམ་ལས་ཀྱི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་བ།
ཟླ་10ཚེས་30ཉིན་ནས་ཟླ་11ཚེས་1ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་ཧན་གོའི་ཆིང་ཀྲོའུ་རུ་ཕེབས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་པ་དང་ཆབས་ཅིག ཧན་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། རྒྱལ་སྤྱིའི་དུས་བབ་ཟང་ཟིང་དང་རྙོང་འཛིང་ཆེ་བའི་རྒྱབ་ལྗོངས་འོག ཀྲུང་གོའི་གཙོ་བདག་གལ་ཆེན་གྱིས་ཕྱི་འབྲེལ་བྱ་སྤྱོད་སྤེལ་བ་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་ནུས་པ་ཐོན་ནས་ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྒུལ་ནུས་གསར་པ་བསྣན་རྒྱུ་མ་ཟད། འཛམ་གླིང་ལ་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་གཏན་འཁེལ་རང་བཞིན་དང་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་སེམས་ནུས་ལྡན་མངོན་པར་བྱ་རྒྱུ་རེད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རིམ་པ་མཐོ་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ལྡན་པའི་དཔལ་འབྱོར་མཉམ་ལས་ཀྱི་ལས་སྟེགས་ཤིག་རེད། 2013ལོ་ནས་བཟུང་། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་སྐབས་རིམ་བྱུང་ལ་ཞུགས་པའམ་ཡང་ན་གཙོ་སྐྱོང་གནང་བ་དང་འབྲེལ། གསུང་བཤད་གལ་ཆེན་ཡང་གནང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་འཆར་འགོད་གནང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བཏོན་པ་ནས་ཕན་ཚུན་ཡིད་ཆེས་དང་། བསྟུན་མཁས། མཉམ་ལས། གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུའི་འབོད་སྐུལ་གནང་བའི་བར་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕུགས་འདུན་འགོད་པ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བར། ཀྲུང་གོའི་ཇུས་གཞིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་གིས་ཐུན་མོང་ཐོག་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་ལ་བརྩི་སྲུང་དང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལམ་བཞི་མདོ་ཁ་གཞན་ཞིག་ཏུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ནས། ལག་གདང་སྦྲེལ་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ཀྲུང་གོ་དང་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་རོགས་ཟླ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དངོས་ཡོད་ཀྱི་ཁེ་ཕན་མཉམ་འདྲེས་ཟབ་མོ་བྱུང་ཡོད། ཀྲུང་གོ་ལོ་21བསྟུད་མར་ཧན་གོའི་ཚོང་དོན་རོགས་ཟླ་ཆེ་གྲས་ཨང་དང་པོར་བརྟན་པོར་གནས་པ་དང་ན་ནིང་ཧན་གོ་སླར་ཡང་ཀྲུང་གོའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པར་གྱུར་ཡོད། ཀྲུང་ཧན་གྱི་མི་ཆོས་རིག་གནས་འགྲོ་འོང་དམ་ཟབ་ཡོད་པ་དང་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་ཆོག་པའི་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་བ་དེས་ཕྱོགས་གཉིས་པོའི་རྒྱལ་སྒྲོལ་ཡུལ་སྐོར་བྱེད་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔར། ཀྲུང་ཧན་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཏུ་འགྲོ་བཞིན་ཡོད། ད་ཐེངས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་11སོང་རྗེས་སླར་ཡང་ཧན་གོར་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་ཡིན་པ་དང་། དེ་ལས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་གྱི་འབྲེལ་བར་མཐོང་ཆེན་བྱེད་ལུགས་གང་ལེགས་མཚོན་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ནས་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོར་འཚམས་འདྲི་གནང་བ་ལས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་སྒོ་དབྱེ་འཕེལ་རྒྱས་མཐའ་འཁྱོངས་དང་གཉིས་ཕན་མཉམ་ལས་ལ་ཁྲིད་སྟོན་བྱེད་པའི་ཆོད་སེམས་དང་གདེང་ཚོད་ལ་དེ་བས་གཏིང་ཟབ་པའི་རྒྱུས་ལོན་ཐུབ་ནས། ཡོ་ལང་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་དྲང་ནུས་སྔར་ལས་མང་བ་སྣོན་ཐུབ་ངེས་རེད། ད་རེས་ཀྱི་འཚམས་འདྲི་ནི་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བ་དང་སྐབས་འཁེལ་བ་དང་། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་དང་གྲོས་འཆམ་བྱུང་སྟེ། ཕྱི་ཕྱོགས་ལ་ཀྲུང་གོའི་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་དང་། དཔལ་འབྱོར་འཕར་སྣོན་གྱི་བརྟན་པོའི་རང་བཞིན། འཕེལ་རྒྱས་སྔོན་དཔག་གི་བརྟན་པོའི་རང་བཞིན་བཅས་བརྒྱུད་སྤྲོད་བྱས་ཡོད། ཕུགས་ཀྱི་མིག་རྒྱང་ནས་བལྟས་ན། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་ལྟར་གྱི་རིམ་འཕར་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་གྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ན། ཀྲུང་གོས་རང་ངོས་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་འགྲན་སློང་གང་རུང་ལ་ཁ་གཏད་གཅོག་ཐུབ་པ་མ་ཟད། ཕྱོགས་ཁག་གི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་གོ་སྐབས་སྐྱེས་སུ་འབུལ་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།