ས་མཐོའི་གྲང་བསིལ་སྔོ་ཚལ་ཐོན་ལས་ཀྱི་དར་རྒྱས་ལམ་བུ།
འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་། ཚའོ་ཅི་ཝུའེ།
ཟླ་བ་བཅུ་པའི་ཟླ་དཀྱིལ་དུ་རྨ་ཙོང་རོང་ཁུལ་དུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དུ་མཉམ་ལས་ཁང་གི་ཞིང་དུད་ཀྱིས་ཚལ་ཐའེ་དང་པད་ཚལ་སོགས་སྔོ་ཚལ་འཐུ་བར་བྲེལ་ཞིང་། ལོ་རེའི་ཟླ་བ་ལྔ་པ་ནས་བཅུ་པའི་བར་གྲང་བསིལ་སྔོ་ཚལ་སྣ་ཚོགས་ཟི་ལིང་དང་མཚོ་ཤར་གྱི་ཞིང་ནང་དང་མུ་ཁ་ནས་རླངས་འཁོར་ནང་བླུགས་ཏེ་ཉིན་གཉིས་གསུམ་ནང་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་དབོར་གྱི་ཡོད།
མཚོ་བོད་ས་མཐོའི་མཐོ་གྲང་ས་ཁུལ་དུ་ཆགས་པའི་མཚོ་སྔོན་གྱིས་ཞིང་ལས་ཀྱི་ཞན་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་ཇི་ལྟར་བསྒྱུར་བ་ཡིན་ནམ། གྲང་བསིལ་སྔོ་ཚལ་དག་ཀུན་གྱིས་དོ་སྣང་བྱེད་པའི་ཐོན་ལས་སུ་འཕེལ་རྒྱས་ཇི་ལྟར་བཏང་བ་ཡིན་ནམ། དེ་སྔོན་ཞིང་ལས་འཕེལ་རྒྱས་རྗེས་ལུས་ཐེབས་པའི་ས་ཁུལ་ཡིན་པ་དང་། སྐབས་ཤིག་རིང་སྔོ་ཚལ་མང་ཆེ་བ་ཞིང་ཆེན་གཞན་ནས་ཉོ་བའི་མཚོ་སྔོན་འདི་ཉིད་ས་གནས་མང་པོའི“སྔོ་ཚལ་རྟེན་གཞིར”ཇི་ལྟར་གྱུར་བ་ཡིན་ནམ།
ཡུལ་བབ་དང་བསྟུན་པས། གྲང་བསིལ་སྔོ་ཚལ་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཀྱི་མིང་བྱང་གསར་པར་གྱུར་པ།
དགོན་ལུང་རྫོང་ཝུའེ་ཡོན་གྲོང་རྡལ་ནས་ཐོན་ཏེ་རྫོང་ལམ་243བརྒྱུད་བྱང་ཕྱོགས་སུ་སྐྱོད་པའི་ལམ་བར་ནི་རྫོང་དེའི་གྲང་བསིལ་སྔོ་ཚལ་འདེབས་འཛུགས་ཁུལ་གཙོ་བོ་རེད། དེ་གའི་གང་སར་ཞིང་དུད་ཀྱིས་སྔོ་ཚལ་འཐུ་བ་མཐོང་རྒྱུ་ཡོད།
ད་ལོ་གྲང་བསིལ་སྔོ་ཚལ་གྱི་ཐོན་འབབ་ཡག་པོ་འདུག “ཤིས་ལན་ཧྭ་སོགས་དབྱར་ཚལ་ཏུན་ཁྲི་0.3ལས་སྣོན་བྱས་ནས་བཙོངས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་400ཡས་མས་ཟིན་གྱི་འདུག མིག་སྔར་ཞིང་ནང་དུ་ད་དུང་སྔོ་ཚལ་ཁག་གཅིག་བསྡུ་རྒྱུར་ལུས་ཡོད”དགོན་ལུང་རྫོང་ཤང་ལུང་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ཤང་ཁྲེང་ཀུའེ་ཡིས་སྔོ་ཚལ་ཉོ་བར་ཡོང་མཁན་ཚོང་པ་ཁྲིད་དེ་མཛོད་ཁང་ནང་སྔོ་ཚལ་གྱི་གྲངས་འབོར་ཚང་མིན་རྩིས་རྒྱག་བཞིན་ཡོད།
ཤིས་ལན་ཧྭ་ནི་གྲང་བསིལ་སྔོ་ཚལ་གྱི་ཁོངས་སུ་གཏོགས་ཤིང་། སྡོང་རྐང་སྐྱེ་འཚར་གྱི་དྲོད་ཚད་འཚམ་ཤོས་ནི་15℃ནས་22℃བར་ཡིན་པ་དང་དྲོད་ཚད་མཐོ་དྲགས་པའམ་ཡང་ན་དམའ་དྲགས་ན་སྐྱེ་འཚར་ཡག་པོ་ཡོང་གི་མེད། ཤང་ཁྲེང་ཀུའེ་ཡིས། མཉམ་ལས་ཁང་གི་ཤིས་ལན་ཧྭ་ནི་སྐྱེ་ལྡན་འདེབས་འཛུགས་བྱས་པ་ཤ་སྟག་ཡིན། སྤུས་ཀ་དག་པོ་ཡོད་པས་ཚོང་པས་དགའ་པོ་བྱེད་ཀྱི་འདུག་ཅེས་བཤད། དགོན་ལུང་རྫོང་སྔོ་ཚལ་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཡིའུ་ཆོན་གྱིས་དགོན་ལུང་རྫོང་གི་ས་བབ་སྨི་2600ཡན་ཟིན་པ་དང་། ཉི་འོད་འཕྲོ་ཡུན་རིང་བ། ཉིན་མཚན་གྱི་དྲོད་ཁྱད་ཆེ་བ། དབྱར་དུས་སུ་བསིལ་ཁུག་མགྱོགས་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དག་གིས་གྲང་བསིལ་སྔོ་ཚལ་ལ་སྐྱེ་འཚར་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས།
“2010ལོ་ནས་ཙོང་ཁ་ཆུས་ཀྱིས‘སྔོ་ཚལ་རྟེན་གཞི’འཛུགས་འགོ་བཙུགས་ཡོད”ཅེས་དང་ལོ་15ཡི་རིང་ཙོང་ཁ་ཆུས་ཀྱི་གྲང་བསིལ་སྔོ་ཚལ་འདེབས་འཛུགས་བྱེད་རིང་ཀླུང་ཐང་སྔོ་ཚལ་དང་། སྟབས་བདེའི་དྲོད་ཁང་། སྒྲིག་བཀོད་ཞིང་ལས་སོགས་འདེབས་འཛུགས་བྱེད་སྟངས་སྣ་ཚོགས་སྤྱད་པ་དང་། འདེབས་འཛུགས་རྒྱ་ཁྱོན་ཡང་ཁ་ཐོར་ཞིང་དུད་ཀྱིས་མུའུ་གསུམ་བཞི་ཙམ་འདེབས་པ་ནས་མཉམ་ལས་ཁང་གིས་གཉེར་སྐྱོང་བྱེད་པའི་གཞི་ཁྱོན་མུའུ་ཆིག་སྟོང་ཡན་ཟིན་པའི་བར་འཕེལ་རྒྱས་བྱུང་བ། ཞིང་ཆེན་ནང་ཁུལ་གྱི་དགོས་མཁོ་གཙོ་བོར་སྐོང་བ་དང་ཆབས་ཅིག་ཞིང་ཆེན་གཞན་དུ་ཚོང་བའི་བར་འཕེལ་རྒྱས་བྱུང་ནས། གཞི་ཁྱོན་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་ཙོང་ཁ་ཆུས་སྔོ་ཚལ་གཞུང་དོན་ཁང་གི་ཀྲུའུ་རེན་ཧུའུ་ཅན་ཁུན་གྱིས་བཤད།
ཙོང་ཁ་ཆུས་ནི་ཞིང་ཆེན་ཡོངས་ཀྱི་གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བྱུང་བའི་བསྡུས་རིས་ལྟ་བུ་རེད། མཚོ་སྔོན་གྱི་ས་བབ་མཐོ་བ་དང་གནམ་གཤིས་གྲང་བསིལ་ཆེ་བས་སྔོ་ཚལ་ལ་ཐོག་མ་ནས“ལྗང་མདོག་གི་གཞི་རྒྱུ”ལྡན་པས། ཁྲོམ་རའི་ཐོག་དབྱེ་བ་འབྱེད་ཤིན་ཏུ་བདེ་བའི“སྐྱེ་ཁམས་ཤོག་བྱང”ཞིག་ཏུ་གྱུར་ཡོད། ལེགས་ཆ་གཞིར་བཟུང་མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ཏེ། ས་མཐོའི་གྲང་བསིལ་སྔོ་ཚལ་དུས་ལྡོག་ཐོན་སྐྱེད་བྱས་ཤིང་། ན་ནིང་ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་ལ་མུའུ་ཁྲི་66ཙམ་ཟིན་པ་དང་ཐོན་ཚད་ཏུན་ཁྲི་158ཡས་མས་ཟིན་པའི་ནང་ཏུན་ཁྲི་70ཙམ་ཕྱིར་བཙོངས་ཡོད། གྲང་བསིལ་སྔོ་ཚལ་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་གསར་པར་གྱུར་ཡོད།
ཚན་རྩལ་གྱི་རོགས་སྐྱོར་ལས། གྲང་བསིལ་སྔོ་ཚལ་གྱི་རིགས་མང་ལ་སྤུས་ཀ་དག་པ།
གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་ཆུས་དང་རྫོང་ཁག་གི་སྔོ་ཚལ་གཞུང་དོན་ཁང་གི་ལས་དོན་པ་ཚོའང་ལས་བྲེལ་དེ་བས་ཆེ་རུ་ཕྱིན་ཞིང་། ཤང་ཁྲེང་ཀུའེ་ཡོད་སའི་མཉམ་ལས་ཁང་གི་ཞིང་ནང་ནས་ཐོན་མ་ཐག་པའི་ལི་ཡིའུ་ཆོན་ལ་ཁ་པར་ཞིག་འབྱོར་ནས་ནད་འབུ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ས་ཆ་གང་དུ་སྒྲིག་སྦྱོར་བྱེད་དགོས་པའི་སྐོར་སྐད་ཆ་དྲིས། “སྒྲིག་སྦྱོར་བྱས་རྗེས་ནད་འབུའི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ནས་ཞིང་དུད་ཀྱིས་དུས་ཐོག་ཏུ་ཁ་གཏད་གཅོག་པར་ཕན་པ་ཡོད”ཅེས་ལི་ཡིའུ་ཆོན་གྱིས་བཤད།
གྲང་བསིལ་སྔོ་ཚལ་དག་གནམ་གཤིས་གྲང་བསིལ་ཆེ་སར་སྐྱེ་བཟང་བ་དང་དུས་མཚུངས་སུ་བཞའ་ཚན་ཆེ་བའི་ས་རྒྱུ་ཡང་དགོས་ཀྱི་ཡོད། གྲང་བསིལ་སྔོ་ཚལ་སྤུས་ཀ་དག་པོ་དང་ཐོན་འབབ་ཆེན་པོ་ཡོང་བའི་འགན་ལེན་བྱེད་ཆེད། ཉེ་བའི་ལོ་ཤས་རིང་། དགོན་ལུང་རྫོང་དང་ཙོང་ཁ་ཆུས་སོགས་ཀྱི་སྔོ་ཚལ་འདེབས་འཛུགས་གཞུང་དོན་ཁང་གིས་ནུས་ཤུགས་ཡོད་རྒུས་བྱ་བ་གཅིག་བསྒྲུབས་པ་སྟེ། ཆུ་ལུད་གཞི་གཅིག་ཅན་གྱི་རྣམ་གྲངས་ཁྱབ་གདལ་བཏང་བ་དེ་རེད།
དགོན་ལུང་རྫོང་གི་རྫོང་ལམ་243འགྲམ་གྱི་ལམ་དུམ་རེ་ནས་ཆུ་ལུད་གཞི་གཅིག་འཕྲུལ་འཁོར་མཐོང་རྒྱུ་ཡོད། “མི་གཅིག་གིས་བཀོལ་སྤྱོད་བྱས་ན་འཕྲུལ་འཁོར་གཅིག་གིས་ཉིན་གཅིག་ནང་ཚལ་ཞིང་མུའུ་100ལྷག་ཙམ་ལ་ཆུ་འདྲེན་ཐུབ་ལ་ལུད་ཀྱང་རྒྱག་ཐུབ”ཅེས་དང་། སྲོལ་རྒྱུན་གྱི་ཞིང་ཆུ་གཏོང་སྟངས་དང་བསྡུར་ན་ཆུ་ལུད་གཞི་གཅིག་ཅན་གྱི་ལས་སྒོས་ཆུ་ལུད་40%ཙམ་གྲོན་ཆུང་ཐུབ་པ་དང་མུའུ་རེའི་ཐོན་ཚད་10%ཙམ་མཐོ་རུ་གཏོང་ཐུབ་ཅེས་ལི་ཡིའུ་ཆོན་གྱིས་ངོ་སྤྲོད་བྱས།
སོན་བཟང་ནས་མྱུ་གུ་ཡག་པོ་སྐྱེ་ཐུབ་པ་དང་མྱུ་གུ་ཡག་པོ་ནས་ཚལ་ཡག་པོ་སྐྱེ་ཐུབ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ནགས་ལས་ཚན་རིག་ཁང་གི་ཡོན་ཀྲང་ཀྲུང་ཆི་ཝུན་གྱི་ཚོགས་པས་ནང་འདྲེན་དང་འདེབས་གསོ་ཟུང་འབྲེལ་བྱས་ཏེ། སུར་པན་དང་ཀྲོ་མ་ཀྲུ་སོགས་ས་མཐོའི་ཁྱད་ལྡན་སྔོ་ཚལ་གྱི་སོན་རིགས་གསར་པ་ཁག་28རང་བརྟེན་འདེམས་གསོ་བྱས་པ་དང་། རྒྱལ་ཁབ་ཀྱི་སྔོ་ཚལ་ཐོན་ལས་མ་ལག་གི་རིགས་གཅིག་མཁས་ཅན་གྱིས་འདེམས་གསོ་བྱས་པའི་སོན་རིགས་གསར་པ་ཁག་50ལྷག་ཙམ་ནང་འདྲེན་གདམ་གསེས་བྱས་ཡོད། ད་ཆ་སྤུས་ཀ་དེ་བས་དག་པ་དང་ཐོན་འབབ་དེ་བས་མཐོ་བའི་སྔོ་ཚལ་རིགས་གསར་པ་དེ་དག་རྨ་ཙོང་རོང་ཁུལ་དུ་རྩ་བ་ཚུགས་ནས་འབྲས་བཟང་སྨིན་བཞིན་ཡོད།
ཚན་རྩལ་གྱི་འདེགས་སྐྱོར་ལ་བརྟེན་པ་བརྒྱུད། མཚོ་སྔོན་གྱི་གྲང་བསིལ་སྔོ་ཚལ་གྱི་སྣ་ཁ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྤུས་ཚད་ཀྱང་མཐོ་ཚད་གསར་པར་སླེབས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
ཐོན་ཚོང་མཐུན་སྦྱོར་ལས། འཛད་སྤྱོད་པར་སྔོ་ཚལ་ཡག་པོ་དུས་ཐོག་ཏུ་ཟ་རྒྱུ་བྱུང་བ།
ལུང་ཚའེ་འདེབས་གསོ་ཆེད་ལས་མཉམ་ལས་ཁང་གིས་འདེབས་འཛུགས་བྱས་པའི་ཚལ་ཐའེ་ནི་ཧྲེན་ཀྲེན་གྱི་ཚོང་པ་ཧོང་ཡུན་ཆིང་གིས་མངག་ཉོ་བྱས་པ་ཞིག་རེད།
“ང་ཚོས་མཉམ་ལས་ལོ་དྲུག་བྱས་པ་ཡིན། ཕན་ཚུན་མཉམ་ལས་ཡག་པོ་བྱུང་སོང”ཞེས་དང་། ང་རང་ལོ་ལྟར་མཚོ་སྔོན་དུ་གྲང་བསིལ་སྔོ་ཚལ་ཉོ་བར་ཡོང་གི་ཡོད། “ང་ཚོའི་ཚོང་ཤག་མང་ཆེ་བ་ཀོང་ཏུང་ས་གནས་ཁག་གི་སྔོ་ཚལ་ཟ་ཁང་ཡིན་པས། སྔོ་ཚལ་གྱི་སྤུས་ཚད་ལ་རེ་བ་མཐོན་པོ་ཡོད། ཐོན་ཡུལ་ནས་ཐད་ཀར་མཁོ་སྤྲོད་ཀྱི་ཐབས་ལམ་ལ་བརྟེན་པས་ཆུ་ཚོད་40མ་འགོར་བར་སྔོ་ཚལ་ཀོང་ཏུང་དུ་འབྱོར་གྱི་འདུག”ཅེས་ཧོང་ཡུན་ཆིང་གིས་གསར་འགོད་པར་བཤད།
ཧོང་ཡུན་ཆིང་གིས་ཚལ་འདེམས་སྐབས་ཚད་གཞི་ཧ་ཅང་མཐོ་པོ་ཡོད། ཁོང་གི་ཚལ་ཐའེ་ཉོ་སྒྲུབ་ཚད་གཞིར་རིང་ཚད་ལ་ལི་སྨི་35དགོས་ཤིང་། རིང་དྲགས་པ་དང་ཐུང་དྲགས་པ་སོགས་བྱས་ན་འགྲིག་གི་མེད། དེ་ནི་ཟི་ལིང་གྲོང་ཁྱེར་གྱིས་བཏོན་པའི་ཚལ་ཐའེ་ཡི་ཚད་གཞི་དང་མཐུན་པ་སྟེ། གྲང་བསིལ་སྔོ་ཚལ་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱ་ཆེད། ཟི་ལིང་གིས་རིམ་རྩིས་བརྒྱབ་ན་ས་གནས་ཀྱི་ཚད་གཞི་ཁག་779གཏན་འཁེལ་བྱས་པ་མ་ཟད། ད་དུང་ལྗང་མདོག་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཁག་21ལ་གནས་རྟགས་ཁས་ལེན་དཔང་འདོན་གསར་དུ་བྱས་ཡོད།
མཚོ་སྔོན་གྱི་གྲང་བསིལ་སྔོ་ཚལ་རྒྱལ་ནང་ཙམ་མ་ཟད་ཕྱི་རྒྱལ་དུའང་བྲིན་ཁ་རྒྱུག་ཅིང་། མིག་སྔར། མཚོ་ཤར་གྲོང་ཁྱེར་ལ་འགག་སྒོ་ལས་ཁུངས་ཀྱིས་བདེན་དཔང་བྱས་པའི་སྔོ་ཚལ་ཕྱིར་གཏོང་རྟེན་གཞི་29ཡོད་པ་དང་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་54.3%ཟིན་ཡོད། “ད་ལོ་གྲོང་ཁྱེར་ཡོངས་ཀྱིས་སྔོན་དཔག་བྱས་ན་ཁྱད་ལྡན་ལེགས་ཆའི་ཞིང་ལས་ཐོན་རྫས་ཏུན་ཁྲི་1ཕྱིར་གཏོང་བྱ་རྩིས་ཡོད་པ་དང་། ལོ་སྟོད་དུ་གྲོ་ཚང་ཁུལ་གྱིས་སྔོ་ཚལ་ཏུན་4200ལྷག་ཙམ་ཕྱིར་གཏོང་བྱས་པར་ཕྱིར་གཏོང་ཡོང་འབབ་ཨ་སྒོར་ཁྲི་128བྱུང་བ། ཨུ་རུ་སུར་སུར་པན་འཚོང་བ་དང་ཁེར་གྷི་སི་ཐན་དུ་ཞོག་ཁོག་འཚོང་གི་ཡོད”ཅེས་མཚོ་ཤར་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཏུང་གིས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།