རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་རྒྱལ་ཁའི་ངང་གྲོལ་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་བརྩམས་ཆོས་15ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བརྩམས་ཆོས་24ལ་ཨང་གཉིས་པ་ཐོབ་པ། བརྩམས་ཆོས་37ལ་ཨང་གསུམ་པ་ཐོབ་པ།
2025ལོའི་ཟླ་11ཚེས་31ཉིན་གྱི་སྔ་དྲོར། དུས་ཡུན་ཉིན་ལྔ་ཡི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གྲོལ་ཞིང་། ཐེངས་འདིའི་ཚོགས་འདུར་པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཀྱི་འབྲེལ་ཡོད་སྨྱན་སྦྱོར་ཚན་པ་37གྱི་འཐུས་མི་90ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་རིང་། གསར་བྱུང་ཐ་སྙད་གསར་པ་400ལྷག་ཙམ་ལ་བཀས་བཅད་གཏན་འབེབས་བྱས་པ་དང་། གསར་འགྱུར་བརྩམས་ཆོས་500ལྷག་ཙམ་ལ་འདྲ་མཉམ་དང་། དྲང་བདེན། ཁ་གསལ་བཅས་ཀྱི་རྩ་དོན་གཞིར་བཟུང་དཔྱད་འདེམས་ནན་པོ་བྱས་མཐར་བརྩམས་ཆོས་ཕུལ་བྱུང་89ལ་བྱ་དགའ་ཨང་དང་པོ་དང་། བརྩམས་ཆོས་ལེགས་གྲས་136ལ་བྱ་དགའ་ཨང་གཉིས་པ། དེ་མིན་བརྩམས་ཆོས་195ལ་ཨང་གསུམ་པ་ཐོབ་པ་རེད། གཞན་ཡང་ཚོགས་ཞུགས་མི་སྣས་ཁམས་པའི་བརྙན་འཕྲིན་ཁང་དང་། སི་ཁྲོན་ལྟ་ཞིབ། སི་ཁྲོན་ཞིང་ཆེན་སྤོས་ལྡན་བོད་ཡིག་གཙུག་ལག་རྟེན་མཛོད་གླིང་། པད་མ་བཀའ་བསྟན་གསེར་བྲིས་གླིང་། གཡག་རྔ་ཇ་ར་བཅས་སུ་རྟོག་ཞིབ་བཅར་འདྲིའི་བྱེད་སྒོ་སྤེལ་བ་མ་ཟད། སྨྱན་སྦྱོར་མཉམ་འདྲེས་སྐོར་གྱི་ལག་ལེན་གསོ་སྦྱོང་བྱས་པ་དང་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཀྱི་ཚོགས་འདུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྨྱན་སྦྱོར་འཚོགས་འདུར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་གསར་དང་། རྒྱས་འཕྲིན། པར་ངོས། དཔྱད་རྩོམ། སྨྱན་སྦྱོར་གསར་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་76ལ་བྱ་དགའ་ཐོབ་པ་ལས། 《དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན》སོགས་གསར་འགྱུར་བསྒྱུར་རྩོམ་ཕུལ་བྱུང་དང《བོད་སྐྱོར་ལོ་ངོ་30 བརྩེ་བ་ཟབ་མོ་ས་མཐོར་བཅངས》སོགས་པར་ངོས་ཕུལ་བྱུང་15ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བརྩམས་ཆོས་24ལ་ཨང་གཉིས་པ། བརྩམས་ཆོས་37ལ་ཨང་གསུམ་པ་ཐོབ་པ་རེད། (གསར་འགོད་པ། ཟླ་བ་ཚེ་རིང་། ཚེ་བརྟན་རྡོ་རྗེ། པད་མ་ཆོས་སྒྲོན། བསྟན་འཛིན་གཡུ་སྒྲོན)
འབྲེལ་ཡོད་གསར་འགྱུར།