དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-04

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ལས་དོན་སྙན་སྒྲོན་ཉན་པ་དང་གྲོས་བསྡུར་བྱས་ཤིང་། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཞི་ཅིན་ཕིང་གིས《གྲོས་འགོའི(གྲོས་བསྡུར་མ་ཟིན)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་དེ་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཆ་ནས་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་ཤུགས་རྐྱེན་གཏིང་ཟབ་པའི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚང་འཛོམས་གྲོས་ཚོགས་ཀྱིས་དེང་རབས་ཅན་གྱི་འཕེལ་རིམ་གྱི་འགག་རྩའི་གནས་ཚད་གཏན་འཁེལ་བྱས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་འབད་འཐབ་དམིགས་ཚད་གཏན་འཁེལ་བྱས་པ་དང་། རྒྱུན་སྲིང་ལག་བསྟར་བྱས་ནས་དམིགས་ཚད་གཏན་འཁེལ་གྱིས་མཐུན་སྒྲིལ་ཡར་བརྩོན་བྱེད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་དམིགས་བསལ་གྱི་ལེགས་ཆ་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་གཞིར་བཟུང་། ང་ཚོས་ལོ་ལྔའི་འཆར་འགོད་གསུམ་ལག་ལེན་བསྟར་ནས་2035ལོར་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་ནི་ལོ་ལྔའི་འཆར་འགོད་དང་པོ་དེ་ཡིན་པས། མགོ་ཡག་པོ་ཚུགས་པ་དང་རྨང་གཞི་བརྟན་པོ་བཏིང་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། ཚང་འཛོམས་གྲོས་ཚོགས་ཀྱིས་དུས་སྐབས་འདིའི་ནང་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ། འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་། འཕེལ་རྒྱས་ཀྱི་མཛུབ་ཁྲིད་བྱེད་ཕྱོགས་དང་དམིགས་ཚད་གཏན་འཁེལ། འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་བཀོད་སྒྲིག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་དང་དོན་སྙིང་གཏིང་ཟབ་ལྡན་ཡོད།

    ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་ལ་ཐོབ་པའི་ཕྱོགས་གང་ཅིའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ལམ་རིས་ཁ་གསལ་བཟོས་པས། བརྗིད་ཆེའི་འཆར་གཞིར་ཤེས་ཚོར་ཐུབ་པའི་ལག་ལེན་ཐབས་ལམ་བྱུང་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་བདུན་ཐད་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་པ་དང་། གཙོ་གནད་ཁྱབ་ཁོངས་12ཀྱི་བསམ་ཕྱོགས་དང་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རྩལ་རང་ཚུགས་རང་དར་སོགས་ལྟེ་བའི་ལས་འགན་ཞིབ་ཕྲ་བཟོས་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་འགྲོ་བ་དང་གྲངས་ཚད་ལུགས་མཐུན་འཕར་བར་རྩ་བའི་འདེགས་སྐྱོར་བྱས་པས། གསར་གཏོད་སྐུལ་སྤེལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་བློ་གྲོས་མངོན་ཡོད། དེ་དང་ཆབས་ཅིག་ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་ཐད་བླང་བྱ་གསར་པ་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་བརྟན་ལ་བློས་འགེལ་ཆོག་པའི་འགན་སྲུང་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཀྱིས་འཛམ་གླིང་འཕེལ་རྒྱས་ཀྱི་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཞིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་འཕར་ཚད་འགོར་བའི་རྒྱབ་ལྗོངས་འོག ཀྲུང་གོས་དུས་ཚིགས་དང་པོ་ནས་གསུམ་པའི་བར་འཕར་ཚད་5.2%ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་མཁོ་འདོན་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་སོགས་ཀྱི་ལས་འགན་གྱིས་ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་ཉིད་གོ་ལ་ཧྲིལ་པོའི་གསར་གཏོད་བཀོལ་སྤྱོད་བྱ་ཡུལ་དང་འཕེལ་རྒྱས་གོ་སྐབས་ཀྱི་འབྱུང་རྩར་བཏོད་ནས། ཚོང་དོན་རོགས་ཟླ་150ལྷག་ཙམ་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད། “རང་ངོས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་སྦྱིན་པའི”ལག་ལེན་འདི་རིགས་ལས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བཅོས་སྐྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་པར་དྲང་ནུས་བསྣན་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ལས་འགན་དཀའ་ཚེགས་ཆེ་བ། མདུན་ལམ་འོད་སྟོང་འབར་བ་བཅས་ཡོད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་གསར་པ་དེ་བས་ཆེ་བ་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།