ཁང་པ་གསར་པ། རྣམ་པ་གསར་པ། རེ་བ་གསར་པ།
—— བོད་ལྗོངས་དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སྐོར་གྱི་སྒྲིལ་གླེང་།

འདི་ནི་དིང་རི་རྫོང་མཚོ་སྒང་ཤང་ཡེ་བྱང་གྲོང་ཚོའི་ཡུལ་མིས་ཁང་པ་གསར་པར་ཁྱིམ་ཆས་དབོར་བཞིན་པ།(དཔྱད་གཞིའི་པར)
2025ལོའི་ཟླ་1ཚེས་7ཉིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ས་གཞི་ཡོམ་གྱིས་འགུལ་བ་དང་རི་ཀླུང་སྐྱ་ཐེར་ཐེར་དུ་གྱུར་པའི་ཁར། སྤུན་ཟླ་ཁྲི་ཕྲག་ཁ་ཤས་ཀྱི་ཁྱིམ་གཞིས་ལ་གྱོང་གུན་ཚབས་ཆེན་ཕོག་ནས་སྐད་ཅིག་ཉིད་ལ་ས་ཆ་འདིར་ཉམས་ཆག་ཆེན་པོ་བྱུང་བ་རེད།
ས་ཡོམ་བརྒྱབ་རྗེས། འཕྲལ་སྡོམ་ཉེན་སེལ་གྱི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་ནས་བསྐྱར་སྐྲུན་ལས་ཡུལ་དུ་ཉིན་མཚན་བལྟོས་མེད་ཀྱི་འབད་འཐབ་བར་དང་། ཞིག་རོའི་སྟེང་དུ་གེགས་སྐྱོབ་རས་གུར་དང་པོ་དེ་བརྒྱབ་པ་ནས་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་ཁང་པ་ཁྲི་3.25ལྷག་ཙམ་བསྐྲུན་ནས་རྩིས་སྤྲད་པའི་བར།
ཉིན་ཞག་297གྱི་རིང་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ཧ་ལས་ཧང་སངས་དགོས་པའི“ཀྲུང་གོའི་མྱུར་ཚད”ལ་བརྟེན་ནས་ཁྱིམ་གཞིས་བསྐྱར་དུ་བསྐྲུན་པ་དང་། རྨད་དུ་བྱུང་བའི“ཀྲུང་གོའི་སྟོབས་ཤུགས”ལ་བརྟེན་ནས་རེ་བའི་ས་བོན་བཏབ་པ། བརྩེ་བ་ཟབ་པའི“ཀྲུང་གོའི་དྲོད་ཚད”ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་བཅས་བྱས་པ་རེད།
དེ་ནི་ཕྱི་དངོས་པོའི་བར་མཐོངས་ཀྱི་ཞིག་གསོ་བྱེད་པ་ཙམ་མ་ཟད། ནང་བསམ་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་ཞིག་དང་། དེ་ནི་སླར་གསོ་བསྐྱར་སྐྲུན་ལེགས་གྲུབ་བྱུང་བ་ཙམ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་གསར་པ་ཞིག་དེ་བས་ཡིན།
བརྩེ་བ་ཟབ་མོ་གཅིག་ཏུ་འདུས། བསྐྱར་སྐྲུན་སྟོབས་ཤུགས་གཅིག་ཏུ་བསྒྲིལ།
ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ནི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ལེན་པའི་རྩ་བའི་འགན་ལེན་རེད།
ཉེན་ཁ་ཚབས་ཆེན་གྱི་དུས་སུ། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་འཕྲལ་ཐག་ཆོད་པོས་ཐབས་ཇུས་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། ཟླ་1ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་རྒྱལ་ཁབ་པུའུ་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་ནས་གེགས་ཁུལ་གྱི་ས་ཡུལ་དངོས་སུ་ཕེབས་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་ཁྲིད་སྟོན་དང་འཚམས་འདྲི་གནང་བ་རེད།
ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་ཁྲིད་ནུས་ལྡན། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག དུས་ཚོད་དང་འགྲན་རྩོད་བྱེད་པའི་བསྐྱར་སྐྲུན་གྱི་དམག་འཐབ་ཅིག་གངས་ལྗོངས་ས་མཐོར་རྒྱག་འགོ་ཚུགས།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་པུའུ་སོགས་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་བསྐྱར་སྐྲུན་གྱི་འཐབ་ས་དང་པོར་མཛུབ་ཁྲིད་གཏིང་ཟབ་བྱས་པ་རེད།
བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཀྲུང་དབྱང་ཁེ་ལས་ཀྱི་ལག་རྩལ་དང་། ཤེས་ལྡན་པ། མ་དངུལ་བཅས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཚ་རླབས་འཕྱུར་བའི་ས་ཡུལ་དངོས་སུ་འབྱོར།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀའ་འབྱོར་འཕྲལ་སྒྲུབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་འགོ་ཁྲིད་ཚོགས་ཆུང་གང་མགྱོགས་བཙུགས་ནས་ཕྱོགས་ཡོངས་ལ་སྤྱི་འདོམས་དང་། གཞིས་རྩེ་གྲོང་ཁྱེར་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་དུས་གཅིག་ཏུ་བཙུགས་པ་དང་དེའི་གཤམ་འོག་ཏུ་ཆེད་དོན་ཚོགས་ཆུང་དགུ་བཙུགས་ཏེ་གཞུང་ཕྱོགས་ཀྱི་མཐིལ་དང་འཕྲེད་ཕྱོགས་ཀྱི་མཐའ་བར་ཁྱབ་པའི་འགན་འཁྲིའི་མ་ལག་ཅིག་བཏོད་པ་རེད།
འཐབ་ས་དང་པོར་འགག་སྒྲོལ་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རིམ་ཉུང་བཀོད་འདོམས་དང་། བཀོད་གཏོང་ཐེངས་མང་། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད། གནས་ཀྱིས་གནས་འགན་གཙང་ལེན་པ་བཅས་མཐའ་འཁྱོངས་བྱས་ཏེ་ལས་རིམ་17དབྱེ་ཞིང་། ལས་དོན་སྤྱི་ཡོངས་ནས་སྤེལ་བའི་བརྒྱུད་རིམ་ཁྲོད་ལས་རིམ་སྦྲེལ་མཐུད་བདེ་བླག་བྱུང་བ་དང་། འོས་མཚམས་246གི་ཁེ་ལས་134ཡིས“ཉིན་མཚན་བལྟོས་མེད་དང་ལས་དུས་གསུམ་རེས་མོས”བྱས་ཏེ་ཉིན་ལྟར་འཕེལ་རིམ་དང་འགྱུར་ལྡོག་ཡོད་པའི་འགན་ལེན་བྱས་ཡོད།
ཟླ་3པའི་ཟླ་འགོར་སྐྲུན་འགོ་ཚུགས་པ་དང་ཟླ་6པའི་ཟླ་འགོར་ཁྱོན་ཡོངས་ནས་ལས་འགོ་བཙུགས་ཏེ་ཟླ་10ཚེས་31ཉིན་བསྐྱར་སྐྲུན་དང་ཉམས་གསོ་བརྟན་གཏོང་གི་སྡོད་ཁང་བསྐྲུན་ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྩིས་སྤྲད་པ་རེད།
སྡོད་ཁང་གསར་པར་སྤོ་གྲབས་ཡོད་པའི་འབྲོག་པ་སྒྲོལ་མས་གསར་འགོད་པར“ཁང་པ་གསར་པ་ཉིན་རེ་ལས་མ་འདས་པར་སྐྲུན་ཟིན་པ་མཐོང་སྐབས་བློ་བདེ་པོ་འདུག”ཅེས་བཤད།
ས་སྐྱ་རྫོང་སྤེ་ལགས་གྲོང་ཚོའི་ལོ་77ལ་སླེབས་པའི་བུམ་ཆུང་གིས“གེགས་སེལ་གུར་ནས་ཁང་པ་གསར་པར་སྤོ་བའི་བར་ལོ་ཕྱེད་ལྷག་ཙམ་ལས་འགོར་མེད། ཏང་དང་སྲིད་གཞུང་གིས་ཁ་བཤད་ལག་བསྟར་བྱས་སོང”ཞེས་སེམས་འགུལ་ཐེབས་བཞིན་བཤད།
“ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་དྲོ་འཇམ་ཉི་འོད་ལྟར་གེགས་ཁུལ་གྱི་ས་ཕྱོགས་གང་སར་འཕྲོ་བཞིན་ཡོད། གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་ཁྱད་བསད་མི་ཐུབ་པའི་དཀའ་ངལ་གང་ཡང་མེད”ཅེས་དིང་རི་རྫོང་དགུ་རུམ་གྲོང་ཚོའི་མང་ཚོགས་ཚེ་རིང་ཕུན་ཚོགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
མི་དམངས་གོང་དུ་བཀུར། སྤུས་དག་ལས་གྲྭ་བསྐྲུན།
ཟླ་10པའི་ཟླ་མཇུག་ཏུ། གྲང་ངད་ཅུང་ཙམ་ཟུག
ངམ་རིང་རྫོང་འབྲུག་གྲོང་ཚོའི་མང་ཚོགས་སྒྲོན་ལགས་ཁྱིམ་གྱི་སྒེའུ་ཁུང་ནས་ཉི་འོད་འཕྲོས་ནས་དྲོ་སོབ་སོབ་ཏུ་གྱུར། དེང་རབས་ཅན་གྱི་ཐབ་ཚང་དང་། གསང་སྤྱོད། ཚོམས་ཆེན། ཉལ་ཁང་བཅས་ཆ་ཚང་ཡོད་པ་དང་། གསར་ཞིང་བརྟན་པའི་ཨར་འདམ་ལྕགས་རྩིབ་ཀྱི་སྡོད་ཁང་ལས་ལོ་རྒྱུས་རྒྱུན་འཛིན་དང་། དེང་རབས་དང་མཉམ་འདྲེས། འབྱུང་འགྱུར་ལ་ཕྱོགས་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་གསེབ་གསར་པའི་ཉམས་འགྱུར་མངོན།
“ཁང་པ་གསར་པར་སྤོས་ནས་ཟླ་བ་གཉིས་ལྷག་ཙམ་ཕྱིན་སོང་། ཕྱོགས་གང་ཅིའི་ཐད་ནས་བློ་ཡིད་ཧ་ཅང་ཚིམ་པོ་བྱུང”ཞེས་སྒྲོན་ལགས་ཀྱིས་ཇ་བསྲུབ་མ་བླུག་ཞོར་དུ“ཁང་པའི་སྤུས་ཚད་ཡག་པའི་ཁར། གྲོང་ཁྱེར་དང་འདྲ་བར་བྱེད་ནུས་ཆ་ཚང་པོ་འདུག”ཅེས་བཤད།
སྐྲུན་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་གོང་འོག་ཚང་མས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ཁང་པ་འཛུགས་སྐྲུན་གྱི་སྤུས་ཚད་དང་། འཕེལ་རིམ། བདེ་འཇགས་བཅས་འགན་ལེན་བྱས་ཡོད།
བདེ་འཇགས་དང་སྤུས་ཚད་ནི་སྡོད་ཁང་འཛུགས་སྐྲུན་གྱི་སྲོག་རྩ་ཡིན་ལ། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཞིག་ཀྱང་རེད། དཔེ་རིས་ཇུས་འགོད་བྱེད་པ་ནས་རྒྱུ་ཆ་དབོར་བའི་བར་དང་། རྩིག་རྨང་འདིང་བ་ནས་སྒྲོམ་གཞི་སློང་བའི་བར། རྒྱན་སྤྲས་བཀོད་འདོན་ནས་ལས་མཇུག་འགྲིལ་ཏེ་ཞིབ་བཤེར་རྩིས་ལེན་བྱེད་པའི་བར་བཅས་ཀྱི་ལྷུ་ཚིགས་ཚང་མར་སྤུས་ཚད་ཞིབ་བཤེར་དང་ལྟ་སྐུལ་ནན་པོ་བྱས་ཡོད།
དུས་མཚུངས་སུ་ཆེད་ལས་ལག་རྩལ་སྒྲིག་གཞི་བསྐོངས་ནས་སྐོར་ཞིབ་དང་ཞིབ་བཤེར་བྱེད་པ་དང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་ཆེད་ལས་པ་8མངགས་ནས་ས་ཡུལ་དངོས་སུ་ལྟ་སྐུལ་བྱེད་པ། གྲོང་ཁྱེར་དང་རྫོང་གི་གཤམ་སྐྱོད་འགན་ལེན་ཚོགས་ཆུང་གིས་ལྟ་སྐུལ་བྱེད་པ།“རིག་ལྡན་ཅན་གྱི་ལས་ཡུལ་ལྟ་འདོམས་དང་ཞབས་ཞུའི་ལས་སྟེགས”ནས་ཉིན་མཚན་དབྱེར་མེད་དུ་སྐོར་ཞིབ་བྱེད་པ། གྲོང་མི་སྒྲིག་འཛུགས་པོས་ལྟ་སྐུལ་ནང་ཞུགས་པ། ཆེད་ལས་པ་108ཀྱིས་ཚད་གཞི་ནན་པོས་གཞིགས་ནས་ལས་མཇུག་འགྲིལ་རྗེས་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པ། སྡོད་ཁང་བསྐྱར་སྐྲུན་གྱི“དུད་ཚང་རེར་ཡིག་ཚགས་རེའི”དོ་དམ་ལམ་ལུགས་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བསྐྱར་སྐྲུན་རྣམ་གྲངས་ཀྱི་སྤུས་ཚད་གང་ཡག་ཡག་དང་མང་ཚོགས་བློ་བདེ་པོ་ཡོང་གང་ཐུབ་བྱས་པ་རེད།
སྔར་འཕྲད་མྱོང་མེད་པའི་འཛུགས་སྐྲུན་གྱི་དཀའ་ངལ་མདུན་དུ་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཚང་མས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལས་དུས་འཕར་མ་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་ས་ཚིགས་1032ཀྱི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱས་པ་རེད།
ལོ་57ལ་སླེབས་པའི་གཏིང་སྐྱེས་རྫོང་སྟག་སྣ་གྲོང་ཚོའི་མང་ཚོགས་ལྷག་པས་གསར་འགོད་པར“ཁང་པ་ནི་ཆར་རླུང་གཡོལ་ས་ཙམ་མིན་པར་འཚོ་བ་གསར་པར་ཕྱོགས་པའི་འགོ་འཛུགས་ས་ཞིག་རེད། ཁང་པ་གསར་པར་སྤོས་རྗེས་ཉིན་ལྟར་ཆུ་ཟོམ་ཁུར་ནས་སྨི་100ཙམ་གྱི་སར་ཆུ་ལེན་པར་འགྲོ་མི་དགོས་པ་མ་ཟད། གློག་སྒྲོན་གྱི་བསད་སྤར་ལའང་སྐུད་པ་འཐེན་དགོས་ཀྱི་མིན་འདུག ཏང་དང་སྲིད་གཞུང་གིས་དེ་སྔ་ང་ཚོའི་བསམ་པའི་ཡུལ་ལའང་མེད་པའི་འདུན་པ་དོན་དངོས་སུ་སྒྱུར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་འཚོ་བ་ཇེ་ཡག་ཏུ་འགྲོ་བའི་གདེང་ཚོད་ཡོད”ཅེས་བཤད།
བསམ་པའི་དཔལ་འབར་གྱི་འོད་མདངས་འཚེར། མཐུན་སྒྲིལ་ཡར་བརྩོན་གྱི་ལེའུ་གསར་རྩོམ།
གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཏང་ཡོན་ལས་བྱེད་པ་6600ལྷག་ཙམ་འཛུགས་སྐྲུན་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་ཡུལ་དུ་བསྡད་ནས་དཀའ་ངལ་དང་གནད་དོན་སྣ་ཚོགས་མཐུན་སྦྱོར་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྡོད་ཁང་འཛུགས་སྐྲུན་གྱི་སྤུས་ཚད་དང་། འཕེལ་རིམ། བདེ་འཇགས་བཅས་འགན་ལེན་བྱས་པ་རེད།
ས་ཡོམ་མ་བརྒྱབ་གོང་། ལྷ་རྩེ་རྫོང་རེས་མདའ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་འཕྲུལ་ཆས་བོགས་གཏོང་ཚད་ཡོད་ཀུང་སི་བཙུགས་པ་དང་། ཕྱིས་སུ་ཀུང་སིའི་འཕྲུལ་ཆས་དེ་དག་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་གྱི“གཙོ་ཤུགས་དམག”ཏུ་གྱུར་ཡོད།
གནོད་འཚེ་ཕོག་རྗེས་རེས་མདའ་གྲོང་ཚོའི་ཁང་པ་མི་ཉུང་བ་ཞིག་ལ་གས་སྐྱོན་ཕོག་པ་དང་འགྲོ་ལམ་འགགས་པས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཤེས་ཀྱིས་འཕྲལ་མར་ཀུང་སིའི་ལག་རྩལ་པ་བསྐོངས་ནས་ཉེན་ཡོད་སྡོད་ཁང་བཤིག་པ་དང་ཨར་སྐྲུན་གྱི་གད་སྙིགས་གཙང་སེལ་བྱེད་པར་སྣེ་ཁྲིད་བྱས་ཤིང་། རྫོང་ཁོངས་སུ་ཨར་སྐྲུན་རྒྱུ་ཆ་དབོར་བའི་ལམ་བུ་ཡག་པོ་མེད་སྟབས་ཁོང་གིས་རང་འགུལ་ངང་ཀུང་སིའི་ལས་མི་སྒྲིག་འཛུགས་བྱས་ཏེ་འོས་འགན་ངང་མྱུར་གསོ་བྱས། “གང་དུ་ལམ་བཟོ་དགོས་ན་ང་ཚོའི་འཕྲུལ་ཆས་དེ་གར་གཏོང་རྩིས་ཡོད”ཅེས་བཤད།
ལ་ལྷོ་ཤང་མཐའ་གྲོང་ཚོ་དང་། བསིལ་བ་གྲོང་ཚོ། རྒྱབ་ཕུ་གྲོང་ཚོ་བཅས་ནི་རི་ཕུག་ཏུ་གནས་ཤིང་། བསྐྱར་སྐྲུན་ཁང་པའི་ཐོག་འགེབས་པའི་འགག་རྩའི་དུས་སྐབས་སུ་དེ་སྟོན་དུས་སུ་འཁེལ་ཡོད། འོན་ཀྱང་མང་ཚོགས་སྟོན་བསྡུའི་ལས་ལ་བྲེལ་བས་ལས་མི་ཉུང་དུ་སོང་ཡོད། གནས་ཚུལ་དེ་ཤེས་རྗེས་ལོ་52ལ་སླེབས་པའི་ས་སྐྱ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཤང་གི་འགན་གཙང་ལས་བྱེད་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་འོས་འགན་ངང་ལས་མི་བྱས་ནས་ཨར་སྐྲུན་རུ་ཁག་ལ་ས་ཕག་དང་ཨར་འདམ་དབོར་རོགས་བྱས་ཏེ་ལས་གྲྭའི་ལས་ཕྱོད་དང་སྤུས་ཚད་ལ་འགན་ལེན་བྱས་པ་རེད།
གསར་དུ་བརྒྱབ་པའི་སྡོད་ཁང་གསར་པ་རེ་རེ་ལ་ལྟ་བཞིན་བཀྲ་ཤིས་ཕུན་ཚོགས་ཀྱིས་དགའ་ཚོར་ཆེན་པོས“གེགས་རྗེས་བསྐྱར་སྐྲུན་ནི་ང་ཚོ་ལས་བྱེད་པའི་ཚོད་བགམ་ཆེན་པོ་ཞིག་རེད། ཡོད་ཚད་མང་ཚོགས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་ཆེད་དུ་རེད། ང་ཚོ་ལས་བྱེད་པ་དཀའ་ལས་ཁག་ཙམ་བྱུང་ཡང་དེ་ནི་རིན་ཐང་ལྡན་པ་ཞིག་རེད་སྙམ་གྱི་འདུག”ཅེས་བཤད།
“ཁྱིམ་གཞིས་བསྐྱར་སྐྲུན་ནང་ཞུགས་རིང་ངས་ཨར་སྐྲུན་རུ་ཁག་གི་རྒྱ་རིགས་ལག་རྩལ་པའི་ས་ནས་ལག་རྩལ་སྦྱངས་པ་མ་ཟད། ཡོང་འབབ་ཀྱང་བསགས་ཐུབ་བྱུང”ཞེས་གཏིང་སྐྱེས་རྫོང་ཞོལ་གྲོང་ཚོའི་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་ཡུལ་དུ་མང་ཚོགས་བློ་བཟང་བསྟན་འཛིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
ས་དགའ་རྫོང་དུ་སི་ཁྲོན་དང་ཀན་སུའུ་སོགས་ནས་ཡོང་བའི་ལས་བཟོ་ཚོས་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ་ཕན་ཚུན་སྐད་ཆ་འདྲི་བ་དང་མཉམ་དུ་སློབ་སྦྱོང་བྱེད་ཀྱི་ཡོད། “ང་ཚོའི་ཚོགས་ཆུང་གིས་ལས་བགོས་མཉམ་སྒྲུབ་དང་གཞོགས་འདེགས་ཡག་པོ་བྱས་པས་མཉམ་ལས་ཧ་ཅང་ཡག་པོ་བྱུང་། བསྐྱར་སྐྲུན་གྱི་སོ་ཕག་རེ་རེར་མི་རིགས་ཁག་གི་གཅེན་གཅུང་ཚོའི་རྔུལ་ཆུ་དང་བློ་གྲོས་འདུས་ཡོད་ཅེས་བཤད་ཆོག”ཅེས་ལྕགས་རྩིབས་བཟོ་པ་ལིའུ་ལགས་ཀྱིས་སྤོབས་པ་ཆེན་པོས་བཤད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་དྲིན་ཚོར་གྱི་བསམ་པ་དེ་འབད་འབུངས་ཀྱི་སྟོབས་ཤུགས་སུ་བསྒྱུར་ནས་གེགས་རྗེས་བསྐྱར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྒྱང་ལམ་ཐོག་དེ་བས་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་ངེས་རེད། (འདི་ག་ཚགས་པར་གྱི་བཅར་འདྲི་ཚོགས་ཆུང་གིས)
འབྲེལ་ཡོད་གསར་འགྱུར།