དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་ཁྲོད་འཕེལ་རྒྱས་དོན་གཉེར་བྱེད་དགོས།

    —— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-04

    བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ”དེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དེ་བས་སྲ་བརྟན་དུ་གཏོང་བ”དེ་དམིགས་ཚད་གཙོ་བོའི་གྲས་ཤིག་ཏུ་བརྩིས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་གཞིགས་ཏེ་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་འདིས་བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འགན་སྲུང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་འགན་ལེན་བྱེད་རྒྱུར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས། བདེ་སྡོད་ཉེན་བསམ་ཐུབ་པར་བྱེད་པ་ནི་རང་རེའི་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་འཕེལ་རྒྱས་བདེ་འཇགས་ཀྱི་དོན་ཆེན་གཉིས་ཡག་པོ་བསྒྲུབས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཉམས་ཉེན་སེལ་བ་དང་། དཀའ་གནད་སྒྲོལ་བ། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་ཡོད། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) ང་ཚོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་བསྟར་བ་དང་། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས“མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཐུན་མོང་མ་ཡིན་པའི་དཔལ་འབྱོར་ཕྱོགས་སྒྱུར”ཡོང་བར་བྱས་པ་དང་དུས་མཚུངས“འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ལྡན་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད”

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། འབྲུ་རིགས་བདེ་འཇགས་ལ་དོ་ནན་བྱེད་པ་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ཨང་དང་པོ་ཡིན་པས། རང་རྒྱལ་གྱི་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ལོ་རེའི་ཐོན་ཚད་ཐོག་མཐའ་བར་གསུམ་དུ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་ཡོད། ནུས་རྒྱུའི་བདེ་འཇགས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ལ་བརྩིས་ནས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་རྨང་གཞིའི་སྒྲིག་བཀོད་མ་ལག་བསྐྲུན་པས་འཛད་སྤྱོད་འཕར་ཚད་90%ཡན་རྒྱལ་ནང་གི་རང་བརྟེན་འགན་ལེན་ལས་བྱུང་ཡོད། དཔལ་འབྱོར་དང་དངུལ་རྩའི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དམིགས་ཏེ་ཉེན་ཁ་ཆེ་རིགས་ཐག་གཅོད་ཀྱི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁང་བདག་ཁོངས་དང་། ས་གནས་ཀྱི་བུ་ལོན། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་རྩ་ལག་མཉམ་བཅོས་ཀྱིས་བསལ་ཡོད། སྐོར་སྐྱིལ་དང་། བཀག་འགོག བཙན་གནོན་གསུམ་གྱི་མདུན་དུ་སྟོབས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབས་ཏེ། རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་པ་སོགས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་པ་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་སྲུང་གལ་ཆེན་ཐུབ་པ་ལག་ལེན་དངོས་ལས་ར་འཕྲོད་གང་ལེགས་བྱུང་ཡོད།

    དུས་བདེ་ནི་མི་དམངས་བདེ་སྐྱིད་ཡོང་བའི་གཞི་རྩ་ཡིན་ཞིང་། འདིར“ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན”དཔེ་གཞིར་བཞག་ནས། འཕེལ་རྒྱས་ཁྲོད་བདེ་འཇགས་སྲ་བརྟན་དུ་ཇི་ལྟར་གཏོང་བ་དང་བདེ་འཇགས་ཁྲོད་འཕེལ་རྒྱས་དོན་གཉེར་ཇི་ལྟར་བྱེད་པར་གོ་བ་ལོན་ཟབ་ཏུ་བཏང་ཡོད།

    གྲངས་གཞི་ལས་མངོན་པར། རང་རྒྱལ་ནི་འཛམ་གླིང་ཐོག་མི་གསོད་གྱོད་གཞི་ཐོན་ཉུང་ཤོས་དང་། ཉེས་དོན་ཉེས་པ་གསོག་ཚད་དམའ་ཤོས། མེ་མདའ་དང་འབར་གས་གྱོད་གཞི་ཉུང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། 《2025ལོའི་གོ་ལ་ཧྲིལ་པོའི་བདེ་འཇགས་སྙན་ཞུའི》ནང་། ཀྲུང་གོ་ནི་འཛམ་གླིང་ཐོག་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས། ཀྲུང་གོའི་དམངས་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ངམ་ཀྲུང་གོའི“བཅའ་ཁྲིམས་དང་སྒྲིག་ལམ་གྱི་སྟོན་གྲངས”ཀྱི་བང་རིམ་གང་ཞིག་ཡིན་རུང་། ཚང་མ་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དུས་བདེ་དེ་ཉིད་རྒྱལ་ཁབ་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་དོན་གང་ཡིན་ཞེ་ན། ཀྲུང་གོར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་དོན་ནི་ལམ་ལུགས་ལ་བརྟེན་པ་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་ཐད་ང་ཚོར་འཇོན་ཐང་ཆེན་པོ་ལྡན་པ་ལས་བྱུང་བ་ལག་ལེན་ནས་ང་ཚོར་གསལ་པོར་བསྟན་ཡོད།

    དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”ལས་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་གཙང་སྒྲུབ་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་གཅིག་མཐུན་ཚོགས་པ་གཏོད་པ་ནས། “དུས་རབས་གསར་པའི་ལིའུ་ཁྲེ་སྲང་ལམ་གྱི་ལས་ཀའི་བྱ་ཐབས”ཏེ་འབྱུང་རྩ་ནས་བཅོས་སྐྱོང་དང་། སྣ་མང་མཉམ་བཅོས། ཞི་མཐུན་མཉམ་སྤྱོད་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་ལམ་བུར་བསྐྱོད་པའི་བར་དང་། གྲངས་རིག་གི་མཐུན་རྐྱེན་ལ་བརྟེན་ནས་བཅོས་སྐྱོང་དེ་བས་གནད་སྨིན་དང་ལས་ཕྱོད་ཆེ་བར་སྐུལ་འདེད་གཏོང་བ་ནས་ཁྲིམས་སྐྱོང་གི་སྲུང་སྐྱོང་ལ་བརྟེན་ནས་དུས་བདེའི་ཀྲུང་གོའི་རྨང་རྡོ་བརྟན་པོ་བཏིང་བའི་བར་སོགས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པར་སྔར་བས་མཐོང་ཆེན་བྱས་ཏེ། ང་ཚོས་ནང་ཁུལ་དང་ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་བསམ་གཞིག་བྱེད་པ་དང་། བདེ་འཇགས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུར་སྐྱོད་པ། བཅོས་སྐྱོང་བཟང་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོར་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་བཀོད་པ་གསར་པ་ནུས་ལྡན་གཏོད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བརྟན་པོ་བྱེད་དགོས། (མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།