ཞི་ཅིན་ཕིང་གིས་ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་སྒོ་ཕྱེ་བར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་སྒོ་ཕྱེ་བའི་སྐབས་སུ། ངས་ཙུང་ཐུང་སའེ་ཤིས་དང་ཨེ་ཅིབ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་གི་ཡིན། ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་གིས་ཨེ་ཅིབ་ཀྱི་རིག་གནས་ལོ་རྒྱུས་ལ་ངོ་མཚར་ཆེ་བའི་བཀྲག་མདངས་སྣོན་རྒྱུ་དང་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་སྲུང་སྐྱོང་དང་རྒྱུན་འཛིན་ལ་ནུས་པ་གལ་ཆེན་འདོན་ངེས་པའི་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཐད་ངོ་མཚར་ལྡན་པའི་གྲུབ་འབྲས་བཏོད་ཡོད། ཧྲང་ཧའེ་རྟེན་མཛོད་ཁང་གི“གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་པོ” གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ཀྲུང་གོ་དང་ཨེ་ཅིབ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་སཱ་ཁཱ་ལའི་གཏོར་གཟུགས་མཆོད་རྟེན་འོག་ངོ་མཚར་ཆེ་བའི་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་མཉམ་དུ་འཚོལ་ཞིབ་བྱེད་བཞིན་ཡོད། གནའ་བོའི་ཤེས་དཔལ་ཆེན་པོ་གཉིས་མཉམ་དུ་མདུན་སྐྱོད་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཉིན་རེ་བཞིན་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོད་པ་ང་ཚོས་དགའ་ཚོར་ཆེན་པོས་མཐོང་བྱུང་། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མུ་མཐུད་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ཆེད་རྒྱུན་ཆད་མེད་པར་སྒུལ་ཤུགས་གསར་པ་སྣོན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
འབྲེལ་ཡོད་གསར་འགྱུར།