སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་།
“དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་ནི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གཟི་བརྗིད་སྲོལ་རྒྱུན་ཡིན”
འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲེང་ཞང་། དམངས་འཚོ་གཟའ་འཁོར་དུས་དེབ་ཀྱི་གསར་འགོད་པ། ཁྲང་ཝན་ཅེ།

འདི་ནི་སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བརྒྱད་པའི་ཁོངས་མིའི་མཉམ་པར་ཡིན་པ། (སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་པར་མཁོ་འདོན་བྱས)

འདི་ནི་ཧྥུའུ་རི་ཏུན་དུ་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་རིང་ལིའུ་ཧུང་ལིང(གཡས) གིས་ཡུལ་དེ་གའི་ནད་པར་བརྟག་དཔྱད་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲེང་ཞང་གིས་པར་བརྒྱབ)

འདི་ནི་དབྱང་ཉིང་གིས་ཕྲ་མཐོང་ཆེ་ཤེལ་ནས་འདར་ནད་འབུ་ཕྲ་འཚོལ་བཞིན་པ། (སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་པར་མཁོ་འདོན་བྱས)

འདི་ནི་སུའོ་ཁོ་ཡ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་སྐབས་ཧྥེང་ཧུའེ(དཀྱིལ)ཡིས་ཡུལ་དེ་གའི་གཞོན་ནུ་ལོ་ཆུང་དང་ལྷན་དུ་མཉམ་པར་རྒྱག་བཞིན་པ། (སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་པར་མཁོ་འདོན་བྱས)

འདི་ནི་ཀྲུང་གོ་དང་སི་ར་ལ་ཨོང་མཉམ་འབྲེལ་གསོ་རིག་སློབ་གསོའི་རྣམ་གྲངས་ཀྱི་གསོ་སྦྱོང་སྐབས་ཧྲི་ལེས་ཡུལ་དེ་གའི་སློབ་མར་སློབ་ཚན་འཁྲིད་བཞིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲེང་ཞང་གིས་པར་བརྒྱབ)

འདི་ནི་ཧྥུའུ་རི་ཏུན་གྲོང་ཁྱེར་གྱི་རྣམ་པ་ཡིན་པ། (འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲེང་ཞང་གིས་པར་བརྒྱབ)
ཨ་ཧྥེ་རི་ཁའི་ནུབ་རྒྱུད་དུ་གནས་པའི་སི་ར་ལ་ཨོང་ནི་འཛམ་གླིང་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ས་གཞི་དམར་པོ་དེའི་སྟེང་དུ། ནད་གཞིས་རྐྱེན་པས་མི་རྣམས་ལ་ཁུར་པོ་ལྕི་པོ་བཟོ་ཡི་ཡོད། 2016ལོ་ཚུན་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་ཐེངས་མང་པོ་མངགས་ནས་ལེ་དབར་ཁྲི་སྟོང་བརྒལ་ཏེ་དེ་གར་སྨན་བཅོས་བདེ་ཐང་གི་ཞབས་འདེགས་ཞུས་པ་དང་། རིམ་རྩིས་བརྒྱབ་ན། ནད་པ་མི་ཐེངས་ཁྲི་1.13ལྷག་ཙམ་ལ་སྐྱོབ་བཅོས་བྱས་པ་རེད། སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་ཡིས“དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ང་ཚོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད། སི་ཀྲུང་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་འཛུགས་པ་དང་འཕེལ་རྒྱས་གཏོང་བར་བདེན་དཔང་བྱས་ཡོད། འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་དམངས་སེམས་གཅིག་འབྲེལ་དང་མཉམ་ལས་གཉིས་ཕན་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད་པ་རེད།
“ཨེ་པོ་ལ་ནད་དུག་འགོག་པ་ནས་སྤྲེལ་འབྲུམ་བཅོས་པའི་བར་ང་ཚོས་ཐོག་མཐའ་བར་གསུམ་དུ་འགྲན་སློང་ལ་ཐད་ཀར་གདོང་གཏད་ཡོད”
ད་ལོའི་ཟླ་བ་དང་པོར། སི་ར་ལ་ཨོང་དུ་སྤྲེལ་འབྲུམ་གྱི་རིམས་ནད་ཐོན་ཞིང་། སི་ར་ལ་ཨོང་གིས་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱ་ཆེད། སི་ར་ལ་ཨོང་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དྲག་དཔོན་ཁྲུའུ་ཡིས་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་སྔོན་ལ་སི་ར་ལ་ཨོང་དུ་རོགས་སྐྱོར་དུ་བསྐྱོད་རྒྱུའི་གྲོས་འགོ་བཏོན། རྒྱལ་ནང་གི་གཙོ་གཉེར་སྡེ་ཚན་གྱི་ཆོག་མཆན་ཐོབ་རྗེས། ཙུའུ་ཀྲང་སྨི་ཀྲི་ཆང་གིས་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁག་བརྒྱད་པའི་སྣེ་ཁྲིད་དེ་སི་ར་ལ་ཨོང་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ནད་པར་སྐྱོབ་བཅོས་དང་། ནད་དུག་ལ་བརྟག་དཔྱད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་འཐབ་ས་དང་པོར་མགྱོགས་མྱུར་ཞུགས་པ་རེད།
དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་བཅའ་སྡོད་བྱ་ཡུལ་སི་ར་ལ་ཨོང་གི་དམག་དོན་སྨན་ཁང་སོ་བཞི་པའི་ཚ་ཁུལ་གྱི་འགོ་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་ནད་དུག་འགོས་པའི་རྒན་རྒོན་དང་བྱིས་པ་མང་པོ་ཡོད་པ་རེད། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་འཕྲལ་མར་ལས་དོན་སྤེལ་ནས་ནད་དུག་མེད་ཁུལ་དང་། ནད་དུག་འགོས་པའི་ཁུལ། ནད་དུག་མངོན་གསལ་མེད་པའི་ཁུལ་བཅས་སུ་དབྱེ་བ་དང་། སྨན་དོན་པའི་འགྲོ་ལམ་དང་ནད་པའི་འགྲོ་ལམ་བཟོ་བ་ནས་ཁ་ཕྱོགས་གཅིག་ཏུ་མ་གཏོགས་འགྲོ་མི་ཆོག་པའི་ལམ་ཐིག་འཆར་འགོད་བྱེད་པ་དང་། སྔོན་བཤེར་དང་དབྱེ་འབྱེད་ནད་དཔྱད་ཀྱི་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བར་སྨན་ཁང་ལ་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་རོགས་བྱས་པ་རེད།
སྤྲེལ་འབྲུམ་ནད་པར་སྨན་བཅོས་བྱེད་པར་གཙོ་བོ་ནད་གཞིར་བལྟས་ནས་སྨན་བཅོས་དང་ནད་གཡོག་ཡག་པོ་རྒྱུག་རྒྱུ་དེ་རེད། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་བྱེད་ནུས་རྒྱུད་གཞི་ཚོགས་པ་རིག་པའི་ལག་རྩལ་ཐོག་མར་ནང་འདྲེན་བྱས་ནས། ནད་པའི་རྒྱུད་གཞི་དང་རིམས་འགོག་འགྱུར་འབྱུང་གི་ཁྱད་པར་ལ་དབྱེ་ཞིབ་བྱས་པ་བརྒྱུད། མི་སྒེར་གྱི་སྨན་བཅོས་ཇུས་གཞི་བཟོས་ཡོད། སི་ར་ལ་ཨོང་འཕྲོད་བསྟེན་པུའི་དབུ་བཞུགས་སྨན་བཅོས་དཔོན་ཁཱ་པས“ལག་རྩལ་གསར་པ་འདི་ལས་སྨན་བཅོས་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་ནས། རིམས་ནད་བཀག་འགོག་བྱེད་རིང་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བསྔགས་བརྗོད་བྱེད་བཞིན་བརྗོད།
རིམས་ནད་ཐོན་མང་བའི་དུས་སུ། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཉིན་རེར་མང་ཤོས་ལ་མི་ཐེངས་100ལྷག་ཙམ་ལ་སྨན་བཅོས་བྱས་ཤིང་། རིམ་རྩིས་བརྒྱབ་ན་མི་ཐེངས་1330ཡིས་སྒོ་བསྟེན་སྨན་ཁང་བསྟེན་པ་དང་། ནད་གཞི་ལྗིད་ཅིང་སྲོག་ཉེན་ཆེ་བའི་ནད་པ་མི་ཐེངས་81ཉར་བཅོས་བྱས་ཡོད། ཀྲུང་གོ་དང་སི་ར་ལ་ཨོང་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཟླ་བ་ཁ་ཤས་སོང་རྗེས་ས་གནས་དེ་གའི་སྤྲེལ་འབྲུམ་གྱི་རིམས་ནད་ལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད།
སྨི་ཀྲི་ཆང་གིས་རྒྱུན་དུ་དེ་གར་ལས་རོགས་གསར་པ་ཚོར་རང་ཉིད་སི་ར་ལ་ཨོང་དུ་ཨེ་པོ་ལ་རིམས་ནད་འགོག་བཅོས་བྱེད་པར་ཐེངས་དང་པོ་ཡོང་བའི་སྐོར་བརྗོད་ཅིང་། ཁོང་གིས“ཨེ་པོ་ལ་རིམས་ནད་ལ་མི་སྐྲག་མཁན་གཅིག་ཀྱང་མེད། ཡིན་ནའང་འགན་འཁྲི་སྒྲུབ་སེམས་ཀྱིས་འཇིགས་སྣང་དེ་ལས་རྣམ་པར་རྒྱལ་ཐུབ་ཀྱི་འདུག ཨེ་པོ་ལ་རིམས་ནད་འགོག་པ་ནས་སྤྲེལ་འབྲུམ་བཅོས་པའི་བར། ང་ཚོས་ཐོག་མཐའ་བར་གསུམ་དུ་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱ་རྒྱུ་གདམ་ག་བྱས་ཡོད། དེ་ནི་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་གཟི་བརྗིད་སྲོལ་རྒྱུན་རེད”ཅེས་བརྗོད།
“ཆ་རྐྱེན་ག་ཚོད་སྐྱོ་ཡང་ནད་པ་སྐྱོབ་རྒྱུ་བློས་གཏོང་མི་རུང”
རྒྱལ་ས་ཧྥུའུ་རི་ཏུན་ནས་ཐོན་ཏེ་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་རིགས་གཅིག་མཁས་ཅན་རྣམས་སོ་ཁུ་ཡ་གྲོང་ཚོར་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཅིང་། ད་ལོའི་ཟླ་བ་གསུམ་པ་ནས་བཟུང་། ཁོང་ཚོས་ཟླ་རེར་རྒྱལ་སའི་མཐའ་འཁོར་ས་ཁུལ་དུ་འོས་འགན་སྨན་བཅོས་ཐེངས་རེ་བྱེད་པར་བསྐྱོད་ཀྱི་ཡོད།
སོ་ཁུ་ཡ་གྲོང་ཚོ་ནི་སི་ར་ལ་ཨོང་བྱང་རྒྱུད་ཀྱི་རི་ཁུག་ཏུ་གནས་པ་དང་། དེ་ནི་ཐག་རིང་ལུང་ཁུག་གི་གདོད་མའི་གྲོང་ཚོ་ཞིག་རེད། ཧྥུའུ་རི་ཏུན་ནས་གྲོང་ཚོ་དེའི་བར་ལམ་ཐག་སྤྱི་ལེ་300ལྷག་ཙམ་ཡོད་པར་ཆུ་ཚོད་8ལྷག་ཙམ་འགོར་ཞིང་། སྔོན་ལ་གྲུར་བསྡད་ནས་སྐར་མ་50སོང་རྗེས་སི་ར་ལ་ཨོང་ནུབ་རྒྱུད་ཀྱི་ཕེ་ཕེར་གྲུ་ཁར་འབྱོར་བ་དང་། དེ་ནས་ཞེང་ཆུང་ལྕགས་ལམ་བརྒྱུད་ལྕགས་རྡོ་དབོར་མཁན་གྱི་མེ་འཁོར་ལ་བསྡད་ནས་བྱང་ཕྱོགས་སུ་ཆུ་ཚོད་6སྐྱོད་དགོས་པ་དང་། མཐར་བྱེས་བགྲོད་རླངས་འཁོར་ལ་བསྡད་ནས་འབར་འབུར་གྱི་ས་དམར་ལམ་བརྒྱུད་མུ་མཐུད་སྐྱོད་དགོས་ཀྱི་ཡོད།
དེ་གར་འབྱོར་རྗེས། སྨན་དོན་པས་སྟབས་བདེའི་སྨན་བཅོས་ལས་སྟེགས་མགྱོགས་མྱུར་བསྐྲུན་པ་དང་། སྔོན་ལ་བརྡ་ཐོ་འབྱོར་བའི་ཡུལ་མི་རྣམས་སྔ་ས་ནས་གྲོང་མདོར་བསྒུགས་ནས་ཡོད། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྨན་པ་ཧྥུང་ཧུའེ་ཡིས་ཡུལ་མིར་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་བྱེད་པའི་འགན་ཁུར་བ་དང་། གྲོང་ཚོའི་ནང་གི་ཕྲུ་གུ་ཚོས་གྲལ་རིང་པོ་སྒྲིག་བཞིན་སྐེ་བསྣར་ནས་བརྟག་དཔྱད་བརྒྱུད་རིམ་ལ་ལྟ་བཞིན་ཡོད། ཧྥུང་ཧུའེ་ཡིས“དཀའ་ལས་ཁག་པོ་ཡོད་ཀྱང་དོན་སྙིང་ཆེན་པོ་འདུག”ཅེས་བརྗོད། དེ་ཉིན་དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཡུལ་མི་120ཙམ་ལ་རིན་མེད་བརྟག་དཔྱད་དང་། སྨན་སྦྱོར། བདེ་ཐང་བློ་འདྲི་བཅས་བྱས་ཡོད།
དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཐབས་ཤེས་གང་ཡོད་ཀྱིས་ད་ཡོད་ཀྱི་ཐོན་ཁུངས་སྤྱད་དེ་ལས་དོན་སྤེལ་ཞིང་། ཐེངས་གཅིག་ནད་བརྟག་སྨན་བཅོས་བྱེད་རིང་། ཚ་བ་རྒྱས་པའི་ནད་པ་ཞིག་ལ་རྒྱུན་གཏན་གྱི་ཁྲག་བརྟག་དཔྱད་འཕྲལ་དུ་བྱེད་དགོས་མོད། འོན་ཀྱང་སྨན་ཁང་གི་ཁྲག་དབྱེ་ཞིབ་ཡོ་ཆས་ལ་གློ་བུར་དུ་སྐྱོན་ཤོར་ནས་སྤྱོད་ཐབས་མེད་པར་གྱུར། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་དབྱང་ཉིང་དང་ཤེ་ཡུན་པོ་གཉིས་ཀྱིས་ཕྲ་མཐོང་ཆེ་ཤེལ་འོག་ཁྲག་གི་བྱུག་ལེབ་ལ་ལྟ་ཞིབ་ཀྱིས་མིག་གཉིས་ལ་བརྟེན་ནས་གྲངས་ཀ་བརྩིས་ཤིང་། དབྱང་ཉིང་གིས“ཆ་རྐྱེན་ག་ཚོད་སྐྱོ་ཡང་ནད་པ་སྐྱོབ་རྒྱུ་བློས་གཏོང་མི་རུང”ཞེས་བརྗོད།
“ཤེས་བྱ་དེ་དག་ང་ཚོའི་མི་ཚེ་ཧྲིལ་པོར་འགྲོགས་ནས་ནད་པ་གྲངས་མེད་ལ་ཕན་པ་ཐོབ་སྲིད”
མཱ་ཁེ་ཉི་ནི་ཧྥུའུ་རི་ཏུན་དང་བར་ཐག་སྤྱི་ལེ་200ཙམ་ཆོད་པའི་གྲོང་རྡལ་ཆུང་ཆུང་ཞིག་རེད། ཆར་ཆུ་འབེལ་བའི་དུས་སུ་འགྲིམ་འགྲུལ་ཧ་ཅང་དཀའ་ཚེགས་ཆེ་ན་ཡང་སྨན་པ་དབྱི་སཱ·ཐོ་ལི་ཉིན་འགའི་མཚམས་སུ་མཱ་ཁེ་ཉི་དང་ཧྥུའུ་རི་ཏུན་དབར་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱེད་དགོས་ཀྱི་ཡོད།
ཐོ་ལི་ན་ནིང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་དམག་དོན་གསོ་རིག་སློབ་ཆེན་ནས་ཐོན་པ་དང་། མིག་སྔར་མཱ་ཁེ་ཉིའི་སྨན་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད། “ངས་ཀྲུང་གོར་སློབ་གྲྭ་འགྲིམས་པའི་དུས་དེ་བརྗེད་མི་སྲིད། རྒྱལ་ནང་དུ་ལོག་རྗེས་སླར་ཡང་གསོ་སྦྱོང་འདི་འདྲ་ཞིག་ལ་ཞུགས་ཐུབ་པ་ནི་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་རེད། ངས་ཧྥུའུ་རི་ཏུན་སྨན་ཁང་དུ་ལོ་ཕྱེད་གཡར་འཐེན་བྱ་རྒྱུའི་རེ་ཞུ་བྱས་ནས། ལས་ཞོར་དུ་གསོ་སྦྱོང་ལ་ཞུགས་པ་ཡིན”ཞེས་ཐོ་ལིས་བཤད།
“དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མཛུབ་ཁྲིད་འོག ང་རང་འབྲས་གཅོང་དང་། མཆིན་ནད། འདར་ནད་སོགས་རྒྱུན་མཐོང་ནད་རིགས་འགོག་བཅོས་བྱེད་པའི་མ་ལག་གི་གསོ་སྦྱོང་ལ་ཞུགས་པ་ཡིན། གསོ་སྦྱོང་ནི་ཧ་ཅང་ཆེད་ལས་དང་གཟབ་ནན་ལྡན་པ་ཞིག་རེད་འདུག ཤེས་བྱ་དེ་དག་ང་ཚོའི་མི་ཚེ་ཧྲིལ་པོར་འགྲོགས་ནས་ནད་པ་གྲངས་མེད་ལ་ཕན་པ་ཐོབ་སྲིད”ཅེས་ཐོ་ལིས་བཤད།
དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཧྲི་ལེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་འགོ་ནད་རིག་པའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་གྲགས་ཅན་རིགས་གཅིག་མཁས་ཅན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝང་ཧྥུའུ་ཧྲེང་གདན་དྲངས་ནས་མི་25ཡི་ཆེད་ལས་ཚོགས་པ་ཞིག་བཙུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་རྒྱང་རིང་མཉམ་ལས་བྱས་ནས་ཐུན་མོང་ཐོག་སི་ར་ལ་ཨོང་གི་དགོས་མཁོར་དམིགས་ཏེ། གསོ་སྦྱོང་ཇུས་གཞི་བཟོས་པ་མ་ཟད། དམག་དོན་གསོ་རིག་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ཆེད་མངགས་བསླབ་གཞི་5རྩོམ་སྒྲིག་བྱས་ཏེ་སི་ར་ལ་ཨོང་ཕྱོགས་ལ་སྤྲད་པ་རེད།
སི་ར་ལ་ཨོང་དམག་ཕྱོགས་ཀྱི་རྒྱལ་སྲུང་ཚན་མོའུ་ཀྲང་པན་ཀུའུ་ལཱ་ཡིས“གསོ་སྦྱོང་རྣམ་གྲངས་ཀྱིས་སི་ར་ལ་ཨོང་ས་གནས་ཁག་གི་སྨན་བཅོས་མི་སྣར་གོ་སྐབས་འདྲ་མཉམ་མཁོ་འདོན་བྱས་པས། ང་ཚོས་ས་གནས་དེ་གའི་སྨན་བཅོས་སྟོབས་ཤུགས་གསོ་སྐྱོང་བྱེད་པར་ཕན་ཐོགས་ཡོད། ང་ཚོས་སྨན་བཅོས་མཉམ་ལས་དེ་རིགས་རྒྱུན་མཐུད་སྤེལ་ནས་དམངས་ཚོགས་དཀྱུས་མ་དེ་བས་མང་བར་ཕན་པ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།