ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཀྲོའུ་རྟེན་མཛོད་ཁང་དུ་གྲོས་མོལ་གནང་ཞིང་། འདི་ནི་ཞི་ཅིན་ཕིང་གིས་ལི་ཙའེ་མིང་གི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིང་ཀྲོའུ་རྟེན་མཛོད་ཁང་དུ་གྲོས་མོལ་གནང་བ་རེད།
ཟླ་11པར། གྲོང་ཁྱེར་ཆིང་ཀྲོའུ་དུ་སྟོན་ཉམས་རབ་ཏུ་རྒྱས། ཞི་ཅིན་ཕིང་རླངས་འཁོར་ལ་ཞུགས་ནས་ཕེབས་འབྱོར་ཟིན་མཚམས་སུ་ཧན་གོའི་གུས་ལུགས་རུ་ཁག་གིས་དགའ་བསུ་གཟབ་རྒྱས་ཞུས་པ་རེད།
ལི་ཙའེ་མིང་གིས་སྤྲོ་སེམས་འཁོལ་པོས་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱག་གཏོང་རེས་གནང་ནས་ལྷན་ཞུགས་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ལི་ཙའེ་མིང་གི་ཕེབས་རོགས་འོག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་མིའི་རོལ་དབྱངས་ཚོགས་པས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ། ཞི་ཅིན་ཕིང་གིས་ལི་ཙའེ་མིང་གི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཕེབས་རོགས་མི་སྣར་ཕྱག་བཏང་ནས་གུས་ལུགས་མཚོན་པར་གནང་བ་རེད།
དགའ་བསུ་ཞུ་བའི་མཛད་སྒོ་ཚར་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧན་ནི་བྲལ་མི་ཐུབ་པའི་ཁྱིམ་མཚེས་གལ་ཆེན་རེད་ལ་ཁ་འབྲལ་ཐབས་མེད་པའི་མཉམ་ལས་རོགས་ཟླའང་རེད། ཕྱི་འབྲེལ་བཙུགས་ནས་ལོ་33སོང་བའི་རིང་། རྒྱལ་ཁབ་གཉིས་པོས་སྤྱི་ཚོགས་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཐུན་མོང་དར་རྒྱས་བྱུང་ཡོད། ཀྲུང་ཧན་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་ལ། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པའི་ཡང་དག་པའི་གདམ་ག་ཞིག་ཀྱང་ཡིན་པ་དོན་དངོས་ལས་ར་འཕྲོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ། ཧན་གོར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་མཐའ་འཁྱོངས་བྱེད་ཀྱི་ཡོད། སླད་ཕྱིན་ཧན་གོ་ཕྱོགས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་གི་ཁེ་ཕན་རྒྱ་སྐྱེད་གཏོང་བ། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་ཀྲུང་ཧན་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ས་ཁུལ་ཞི་བདེ་དང་འཕེལ་རྒྱས་ཡོང་བར་དྲང་ནུས་དེ་བས་མང་བ་མཁོ་འདོན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་ཧན་འབྲེལ་བའི་རྣམ་པ་གསར་པ་གཏོད་པར་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ།
གཅིག་ནས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཤིང་། ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་ཧན་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་རིང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་རིང་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས་པ་དང་། རང་རང་སོ་སོའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱས་ཏེ། མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད་འགལ་ཟླ་དང་མི་མཐུན་པའི་ཕྱོགས་ཐག་གཅོད་འོས་འཚམ་བྱེད་དགོས། རྒྱལ་ཁབ་གཉིས་པོའི་དབར་གྱི་སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་དང་སྤེལ་རེས་ལམ་སྲོལ་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
གཉིས་ནས་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་དགོས་ཤིང་། ཁྱིམ་མཚེས་ལ་གྲུབ་འབྲས་ཐོབ་པར་བྱེད་པ་ནི་རང་ཉིད་ལ་རོགས་རམ་བྱེད་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧན་རང་མོས་ཚོང་དོན་ཆོད་ཡིག་གི་དུས་མཚམས་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་བཟོ། ལྗང་མདོག་ཐོན་ལས། དབུ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་སྤུས་འཕར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱིས་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བར་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་དང་ས་ཁུལ་རིམ་ངོས་ནས་མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱེད་ཆོག
གསུམ་ནས་རྒྱལ་དམངས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། གླེང་ཕྱོགས་དང་དམངས་འདོད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲང་ཕྱོགས་ཀྱི་ཆ་འཕྲིན་མང་ཙམ་སྤེལ་ནས་ཕན་མེད་ཀྱི་འཕེལ་ཕྱོགས་ཚོད་འཛིན་བྱེད་དགོས་པ་དང་བདེ་ཐང་དང་ཕན་ཡོད་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱས་ཏེ། ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། མི་སྣ་འགྲོ་འོང་སྟབས་བདེ་རུ་གཏོང་བ་དང་གཞོན་ནུ་ལོ་ཆུང་དང་། སྨྱན་སྦྱོར། ཇུས་འདོན་ཚོགས་པ། ས་གནས་སོགས་ཀྱི་འགྲོ་འོང་འཁྲུག་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་སེམས་མཐུན་འདོད་མཐུན་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཧན་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་ཁོར་ཡུག་ཡག་པོ་སྐྲུན་དགོས།
བཞི་ནས་ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཤིང་། ཧན་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་འཚོགས་པར་ཀྲུང་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་རྒྱུ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་གོ་སྐབས་སུ་བརྩིས་ནས། ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་དང་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད། ཀྲུང་ཧན་ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་ནི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། མི་མངོན་པའི་ནུས་པ་ཆེ་བ་བཅས་ཡིན་ཞིང་། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡིན།
ལི་ཙའེ་མིང་གིས། ལོ་11གི་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཧན་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་དེ་ཧན་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཧན་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་རང་རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཧན་ཀྲུང་ནི་ཁྱིམ་མཚེས་ཡིན་ལ་ཁ་འབྲལ་ཐབས་མེད་པའི་རོགས་ཟླའང་ཡིན། ཧན་གོ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་དང་སྲིད་ཏང་དང་ས་གནས་དབར་གྱི་སྤེལ་རེས་ཟབ་ཏུ་བཏང་ནས་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས་ཡོད་པས་ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་དམངས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱེད་པར་ཧན་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་ཀྲུང་གོ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དང་གོ་ལ་ཧྲིལ་པོའི་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།