དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-02

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཁ་ན་ཏའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་20འཁོར་བའི་ལོ་རེད། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་ཀྲུང་ཁའི་འབྲེལ་བ་སླར་གསོ་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་པ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཁ་ན་ཏ་ཕྱོགས་ཀྱིས་དངོས་གཉེར་དང་དགེ་མཚན་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པར་ཀྲུང་གོས་མཐོང་ཆེན་བྱེད་ཀྱི་ཡོད། ཁ་ན་ཏ་ཕྱོགས་དང་མཉམ་དུ་འབད་བརྩོན་དང་ད་ཐེངས་ཀྱི་མཇལ་འཛོམས་གོ་སྐབས་སུ་བྱས་ཏེ། ཀྲུང་ཁའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡང་དག་པའི་བགྲོད་ལམ་ཐོག་སྔ་ཙམ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེན་པོ་སྐྲུན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཁ་ཕྱོགས་གཉིས་ཀྱིས་དོན་དངོས་དང་མཐུན་པའི་དཔྱོད་ཤེས་ལ་བརྟེན་ཏེ། ཕན་ཚུན་དབར་ཡང་དག་པའི་ལྟ་སྟངས་འཛིན་པ་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དང་ཕུགས་ཕན་གྱི་ཁེ་ཕན་ལ་དམིགས་ནས་ཀྲུང་ཁའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་དང་དཔལ་འབྱོར་ཚོང་དོན་དང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་དངོས་དོན་མཉམ་ལས་རྒྱ་སྐྱེད་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ལས་རིགས་ཁག་གིས་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས།

    ཁཱ་ཉི་ཡིས་གསུངས་དོན། ཕྱི་འབྲེལ་བཙུགས་པའི་ལོ་55ཡི་རིང་། ཁ་ན་ཏ་དང་ཀྲུང་གོས་འབྲེལ་བ་ཡག་པོ་ཡུན་རིང་རྒྱུན་འཁྱོངས་བྱས་ཡོད། ཁ་ན་ཏའི་སྲིད་གཞུང་གསར་པས་ཀྲུང་གོ་དང་འབྲེལ་བ་ཡག་པོ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཡག་དང་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བསྐྱར་འཛིན་དང་། ཤོར་བའི་དུས་ཚོད་བསྐྱར་འཚོལ། ཕྱོགས་གཉིས་ཀྱི་མཉམ་ལས་བསྐྱར་འཛུགས་བཅས་བྱས་ནས་དངོས་སྒྲུབ་དང་དགེ་མཚན་ལྡན་པའི་རྣམ་པར་བརྟེན་ཏེ། ཁ་ཀྲུང་གི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་དང་། ནུས་རྒྱུ། གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གཉིས་ཁེ་གཉིས་ཕན་ཡོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད། རྒྱལ་སྤྱིའི་ལས་དོན་ཁྲོད་ཁ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ལྟ་བ་གཅིག་མཚུངས་ཡིན་པས། མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་ལག་ལེན་བསྟར་བ་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཆོག

    ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་སླར་གསོ་བྱས་ཏེ་ཕན་ཚུན་གྱིས་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྱི་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་བར་འདུམ་བྱེད་ཤུགས་སྲ་བརྟན་དུ་བཏང་ནས། ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།