དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-02

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་རྒྱལ་མོ་ཧྲི་ལི་ཅི་གྲོངས་པར་མྱ་ངན་ཟབ་མོ་ཞུས་པ་མ་ཟད། རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བྱེད་ལུགས་ཀྱང་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐེ་ལན་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། གཉེན་ཉེ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པས། རྒྱུན་དུ་འགྲོ་འོང་བྱས་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཡོད། 2022ལོའི་ཟླ་11པར་ངས་ཐེ་ལན་ལ་འཚམས་འདྲི་བྱས་ནས་ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བ་དེ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དུས་མཚམས་གསར་པར་སླེབས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་རྨང་གཞི་དེ་བས་བརྟན་པོ་དང་མཉམ་ལས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། འདི་ལོ་ནི་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང“ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་ཡག་ཤོས་ཀྱི་ལོ་50ཡིན” འགོ་འཛུགས་ས་གསར་པའི་ཐོག་ནས་ཕྱོགས་གཉིས་པོས་སྔ་འཛིན་ཕྱི་གཏོད་བྱས་ཏེ་ཀྲུང་གོ་དང་ཐེ་ལན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་ཟབ་ཏུ་དང་ཏན་ཏིག་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱས་ནས་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིང་བའི་གོང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ཐེའི་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་དང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་གསར་གཏོད་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཐོབ་སྣང་དེ་བས་མང་བ་ཡོང་ཐབས་བྱེད་དགོས། ཡུལ་སྐོར་དང་། གཞོན་ནུ། ས་གནས་སོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས། ཕྱི་འབྲེལ་བཙུགས་ཏེ་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་སྤེལ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། དྲ་ཐོག་རྒྱན་འཛུགས་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འགྲོ་འོང་དང་མཉམ་ལས་ལ་བདེ་འཇཌ་ཀྱི་ཁོར་ཡུག་བསྐྲུན་དགོས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོཌ་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

    ཨ་ནུའུ་ཐིང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་མོ་ཧྲི་ལི་ཅི་གྲོངས་པར་མྱ་ངན་ཞུས་པ་དེ་ནི་ཐེ་ལན་མི་དམངས་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པས་ཐེ་ལན་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་འཆམ་བྱུང་བས། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མི་རྣམས་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད། འདི་ལོ་ནི་ཐེ་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་དེ་ནི་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཐེ་ལན་ཕྱོགས་ཀྱིས་དེ་གོ་སྐབས་ལ་བརྩིས་ནས་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། ཕན་ཚུན་སྦྲེལ་མཐུད། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཐེ་ལན་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་རིམ་སྤོར་བྱེད་འདོད་ཡོད། ཐེ་ལན་ཕྱོགས་ཀྱིས་དྲ་ཐོག་རྒྱན་འཛུགས་དང་གློག་འཕྲིན་ཁ་བསླུས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་མུ་མཐུད་རྡུང་རྡེག་ནན་པོ་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་གནང་བ་ལས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་མངོན་པ་དང་། ཐེ་ལན་ཕྱོགས་ཀྱིས་དེར་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།