དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-02

    ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཞལ་ཆད་ལྟར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པར་ཞུགས་རིང་ཞལ་ཆད་ལྟར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་རི་རྒྱལ་ཁབ་གཉིས་ནི་ཧ་ཅང་ཐག་ཉེ་པོ་དང་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཀྲུང་རིའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རེ་སྒུག་དང་འཚམ་པ་རེད། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་དང་མཉམ་དུ་ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འབེབས་བྱས་པའི་རྩ་དོན་དང་ཁ་ཕྱོགས་ལྟར། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་ཞིང་བརྟན་ལྷིང་གི་ཀྲུང་རིའི་འབྲེལ་བ་ཞིག་འཛུགས་པར་གཞོལ་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་རིའི་འབྲེལ་བར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་ཡོད། རི་པིན་གྱི་རྒྱལ་སྲིད་ལས་ཁུངས་གསར་པས་ཀྲུང་གོར་ཡང་དག་པའི་ངོས་འཛིན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་མཁས་ཅན་རྒན་རབས་པ་ཚོ་དང་ལས་རིགས་ཁག་གི་མི་སྣས་ཀྲུང་རིའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ནུས་བཏོན་པ་དང་འབད་བརྩོན་བྱས་པར་བརྩི་མཐོང་བྱས་ནས། ཀྲུང་རིའི་ཞི་བདེ་དང་། མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱ་རྒྱུའི་རེ་བ་ཡོད། གཅིག་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་བརྩི་སྲུང་ཞུ་དགོས།“ཕྱོགས་ཡོངས་ནས་འཐབ་ཇུས་གཉིས་ཕན་འབྲེལ་བར་སྐུལ་འདེད་གཏོང་བ”དང་། “ཕན་ཚུན་མཉམ་ལས་རོགས་ཟླ་བྱེད་པ་ལས་ཕན་ཚུན་འཇིགས་སྐུལ་མི་བྱེད་པ”“ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་ལ་ཕྱོགས་པ”སོགས་ཀྱི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཀྲུང་རིའི་ཆབ་སྲིད་ཡིག་ཆ་བཞིའི་ནང་ལོ་རྒྱུས་དང་ཐའེ་དབན་སོགས་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་གཏན་འབེབས་གསལ་པོ་བྱས་པར་བརྩི་སྲུང་ཞུ་བ་དང་ལག་ལེན་བསྟར་ཏེ་ཀྲུང་གོ་དང་རི་པིན་གྱི་འབྲེལ་བའི་རྨང་གཞིར་གནོད་འཚེ་མི་ཕོག་པ་དང་གཡོ་འགུལ་མི་ཐེབས་པའི་འགན་ལེན་བྱེད་དགོས།“ཚུན་ཧྲན་གླེང་མོལ”གྱིས་རི་པིན་གྱི་བཙན་འཛུལ་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་ཟབ་མོ་བྱས་པ་མ་ཟད། གནོད་འཚེ་ཕོག་པའི་རྒྱལ་ཁབ་ལ་དགོངས་སེལ་ཡང་ཞུས་ཡོད། སྙིང་སྟོབས་དེ་ནི་དར་སྤེལ་གཏོང་རིན་ལྡན་པ་ཞིག་རེད། གཉིས་ནས་མཉམ་ལས་གཉིས་ཕན་མཐའ་འཁྱོངས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”ཀྲུང་གོའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པར། ཀྲུང་རིའི་མཉམ་ལས་ལ་བར་མཐོངས་ཆེན་པོ་ལྡན་ཡོད། ཀྲུང་རིའི་རྩེར་སོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། ནོར་སྲིད་དངུལ་རྩ། སྨན་བཅོས་རྒན་གསོ། ཕྱོགས་གསུམ་པའི་ཁྲོམ་ར་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། གསུམ་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་སྒྲིག་གཞི་སོགས་དབར་འབྲེལ་མཐུད་རྒྱུན་མཐུད་བྱས་ཏེ་མི་ཆོས་རིག་གནས་དང་ས་གནས་ཀྱི་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་དམངས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་དགོས། བཞི་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཁྱིམ་མཚེས་རྒྱལ་ཁབ་མཛའ་མཐུན་དང་། འདྲ་མཉམ་གཉིས་ཕན། ནང་སྲིད་ལ་ཕན་ཚུན་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ལྔ་ནས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས། སྤྱི་ཡོངས་ལ་དམིགས་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཐུན་མོང་གི་ཆ་བཙལ་ནས་མི་མཐུན་པའི་ཆ་སེལ་བ་བཅས་བྱས་ཏེ་འགལ་ཟླ་དང་མི་མཐུན་པའི་ཆ་ཡིས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཤུགས་རྐྱེན་ཐེབས་རྒྱུར་གཏན་འགོག་བྱེད་དགོས།

    ཀའོ་ཧྲི་ཙའོ་མེའོ་ཡིས་གསུངས་དོན། ཀྲུང་གོ་ནི་རི་པིན་གྱི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། རི་ཀྲུང་རྒྱལ་ཁབ་གཉིས་པོས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་འགན་འཁྲི་གལ་ཆེན་འཁུར་གྱི་ཡོད། རི་པིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་རིམ་པ་ཁག་དབར་སྤེལ་རེས་དམ་ཟབ་བྱེད་པ་དང་། མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། བསམ་ཤེས་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་སྐུལ་འདེད་ཏན་ཏིག་བཏང་ནས་དགེ་མཚན་ལྡན་ཞིང་བརྟན་ལྷིང་གི་རི་ཀྲུང་འབྲེལ་བ་ཞིག་འཛུགས་འདོད་ཡོད། ཐའེ་དབན་གྱི་གནད་དོན་ཐད་རི་པིན་གྱིས་1972ལོར་རི་ཀྲུང་མཉམ་འབྲེལ་གསལ་བསྒྲགས་ཁྲོད་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།