ཕ་བུ་གསུམ་གྱིས་ས་བབ་སྨི་4100ཟིན་པའི་ཀྲུང་ནེའི་མཐའ་མཚམས་སུ་གཞི་ཚུགས་ཏེ།
ལྷག་བསམ་རྣམ་དག་གིས་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ།
ས་བབ་སྨི་4100ཟིན་པའི་ཤག་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་གྱི་ལྷོ་ནུབ་ངོས་སུ་གནས་པའི་མཐའ་མཚམས་ཀྱི་གྲོང་ཚོ་ཞིག་རེད་ལ། རྒྱལ་མཚམས་སྒྲོལ་སྐབས་གནད་འགག་ཆེ་ཤོས་ཀྱི་སྨོན་ལ་གྲགས་ཆེན་བརྟན་པོར་སྲུང་བཞིན་ཡོད།
“ངའི་ཚེ་གང་ཏང་ལ་ལྷག་བསམ་རྣམ་དག་ཞུ་གི་ཡིན་ལ། ངའི་དད་སེམས་ལས་འོད་སྟོང་རབ་ཏུ་འཕྲོ་བཞིན་ཡོད”ཅེས་པ་འདི་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་བཟང་གིས་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། དུས་རབས་གོང་མའི་ལོ་རབས་60ལ་སྐྱེས་པའི་བོད་རིགས་སྐྱེས་པ་འདིས་ཕ་ཡུལ་དབུལ་ཞིང་ཕོངས་པ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱེད་ཐུབ། 1983ལོ་ནས་བཟུང་། ཁོང་གིས་སྔ་རྗེས་སུ་མཉམ་འགོག་རུ་ཁག་གི་རུ་དཔོན་དང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་ནས་ལོ་43ཡི་རིང་ཉིན་གཅིག་ལྟར་མཐའ་མཚམས་སྲུང་བཞིན་ཡོད།
ཀུན་བཟང་གི་མཐའ་མཚམས་སྐོར་ཞིབ་ལམ་བུ་ནི་རྒྱལ་གཅེས་ཀྱི་ལག་ལེན་དངོས་ཀྱི་སློབ་ཚན་ལྟ་བུ་ཞིག་ཡིན་ཞིང་། རྐང་ཐང་མར་སྤྱི་ལེ་40བསྐྱོད་དེ་གཡང་གཟར་བའི་ལ་ཀླུང་དགོས་ལ་སྦུག་ཐག་རིང་བའི་གྲོག་རོང་ཡང་བརྒྱུད་དགོས་ཀྱི་ཡོད། “ང་ཚོའི་ཕ་ཚ་བུ་རྒྱུད་འདི་གར་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད་པས། འདི་གའི་ས་ཆ་སྦར་མཐིལ་ཙམ་ཡང་བརྟན་སྲུང་བྱེད་དགོས”ཞེས་ཁོང་གིས་ཕྲུ་གུ་ཚོར་མངགས་བཅོལ་ཡང་སེ་བྱེད་ཀྱི་ཡོད།
བརྟན་སྲུང་གི་གོམས་གཤིས་འདི་ནི་ཁོང་གི་ནང་མི་ཚོའི་ཁྲག་རྒྱུན་དུ་འདྲེས་ཡོད་ཅིང་། བུ་རྒན་པ་བསོད་ནམས་སྟོབས་རྒྱལ་གྱིས་ལོ་13ནས་བཟུང་ཕ་དང་མཉམ་དུ་མཐའ་མཚམས་སྐོར་ཞིབ་བྱས་པ་དང་། ད་ཆ་ལོ་35ལ་སླེབས་པའི་ཁོང་ནི་མཐའ་སྲུང་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་བགྲང་བྱ་20ལྷག་ཙམ་མཐའ་མཚམས་སྐོར་ཞིབ་ཀྱི་ལས་ཀ་བྱས། བུ་གཞོན་པ་འཕྲིན་ལས་ནོར་བུའང་2017ལོར་རང་འགུལ་ངང་ཡུལ་དམག་དཔུང་སྡེར་ཞུགས་ནས་མཐའ་སྲུང་བྱ་གཞག་སྒྲུབ་བཞིན་ཡོད་པས། མེས་རྒྱལ་གྱི་མཐའ་མཚམས་ས་ཐིག་ཏུ་ཕ་བུ་གསུམ་པོའི་རྐང་རྗེས་གྲངས་མེད་བཞག་ཡོད།
མཐའ་མཚམས་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་ཀུན་བཟང་གིས་ཡུལ་མིའི་སྣེ་ཁྲིད་དེ་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། 2018ལོར་སྲིད་ཇུས་རོགས་དངུལ་སྒོར་ཁྲི་4000བཏང་ནས་ཤག་གྲོང་ཚོར་ཨར་འདམ་ལམ་བཏིང་བ་མ་ཟད། མཐའ་མཚམས་ཚོང་དོན་ཁྲོམ་ར་ཡང་གསར་དུ་བསྐྲུན་ཡོད། ལོ་དེ་རང་ལ་ཤག་གྲོང་ཚོའི་མཐའ་མཚམས་ཚོང་དོན་གྱི་དངུལ་འབོར་སྒོར་ཁྲི་300ལས་བརྒལ་བ་དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་22ཀྱི་མི་104ལ་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2500འཕར་ཡོད། 2019ལོར་མཉམ་ལས་ཁང་བཙུགས་རྗེས། གྲོང་མིས་ཚོང་དོན་གཉེར་ནས་རྒྱུན་མཐུད་ཡོང་འབབ་བསགས་པ་དང་། དེའི་ཁར་སྲིད་ཇུས་ཁག་གི་ཁ་གསབ་བསྣན་ཚེ་ཁྱིམ་ཚང་གི་ཆ་སྙོམས་ཡོང་འབབ་ཡང་བསྐྱར་སྒོར་6800འཕར་ཡོད།
གྲངས་གཞི་ལས་འཕོ་འགྱུར་ཆེན་པོ་མཚོན་པ་སྟེ། གྲོང་མིའི་ལོ་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་10758ནས་2024ལོའི་སྒོར་28640བར་འཕར་བ་དང་འཕར་ཚད་166.2%ཟིན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་ཤག་གྲོང་ཚོར་མཐའ་སྲུང་གི་གདིང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
ཁོ་ཚོར་སྤོབས་པ་སྐྱེས་འོས་པའི་གྲངས་གཞི་ཞིག་ཡོད་དེ། ལོ་ངོ་40ལྷག་ཙམ་གྱི་རིང་ལ། ཀུན་བཟང་ཕ་བུ་གཉིས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་ཕ་རོལ་དུ་རང་དགར་འགྲོ་བའི་ཕྱུགས་རིགས་བརྒྱ་ལྷག་ཙམ་བཀག་ནས་ཕྱི་འབྲེལ་གྱི་དོན་རྐྱེན་གཅིག་ཀྱང་ཐོན་མེད་པ་དེ་རེད། ཀུན་བཟང་རང་ཉིད་ལ་སྔ་རྗེས་སུ་ཕུལ་བྱུང་གི་མཐའ་སྲུང་ལས་དོན་པ་དང་། ཕུལ་བྱུང་གི་མཐའ་སྲུང་བ། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་བཅུ་ལྷག་ཙམ་ཐོབ་ཡོད། ད་ཆ་ལོ་ན་རིམ་བཞིན་མཐོ་རུ་འགྲོ་བའི་ཀུན་བཟང་གིས་སློབ་ཆུང་འགྲིམ་བཞིན་པའི་ཚ་བོ་རིག་འཛིན་ཕུན་ཚོགས་ལ་རྟག་ཏུ“ད་ཆ་གཞུང་ལམ་ཁྱིམ་གྱི་སྒོ་འགྲམ་བར་ཤར་གཏོང་ཐུབ་པ་དང་། མཐའ་མཚམས་ལ་སྐོར་གཡེང་བྱེད་པར་སྦག་སྦག་ཡོད་པ། དུད་ཚང་ཚང་མ་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ། ཆུ་གློག་དྲ་གསུམ་ཤར་གཏོང་ཐུབ་པ་བཅས་འདི་དག་ཚང་མ་ཏང་དང་སྲིད་གཞུང་གིས་གནང་བ་ཞིག་ཡིན་པས། ང་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་མཐའ་མཚམས་དེ་བས་ཡག་པོ་སྲུང་དགོས”ཞེས་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།