དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐོག་ཡིག་ཐོག་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-02

    ཤིན་ཧྭ་གསར་འགྱུར་ཁང་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་གྲོང་ཁྱེར་ཆིང་ཀྲོའུ་རུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐོག《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཐོག་གསུང་བཤད་གནང་བ་རེད། 

    ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་ཞིང་། འཛམ་གླིང་དེ་ཉིད་ལམ་བཞི་མདོ་ཁ་གསར་པ་ཞིག་ཏུ་སླེབས་པའི་དུས་འདིར། ལམ་ག་འགྲོ་འདི་འགྲོའི་གདམ་ག་ལས་འཛམ་གླིང་གི་འབྱུང་འགྱུར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། ཕྱོགས་ཁག་གིས་མིག་རྒྱང་རིང་པོ་དང་འགན་སེམས་ཆེན་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ཀྱི་རེ་སྒུག་དང་མཐུན་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐུབ་པའི་གདམ་ག་བྱེད་དགོས། ལོ་རྒྱུས་ཀྱིས་ང་ཚོར་བསྟན་པར། མིའི་རིགས་ཀྱི་ལས་དབང་ནི་སྐྱིད་སྡུག་མཉམ་མྱོང་བྱེད་པ་ཡིན་ཞིང་། བཙན་དབང་རིང་ལུགས་ཀྱིས་འཁྲུག་ཟིང་དང་གོད་ཆག་ཡོང་རྒྱུ་ལས་མེད། དྲང་སྙོམས་དྲང་བདེན་ནི་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་རེད། འགྲན་རྒོལ་དང་ཁ་གཏད་དུ་ལངས་ན་འཁོན་འགྲས་དང་ཟང་ཟིང་ཡོང་རྒྱུ་ལས་མེད། མཉམ་ལས་གཉིས་ཁེ་ནི་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཆེ་རུ་འགྲོ་བའི་མི་ཡུལ་གྱི་འགྲོ་ལམ་ཡང་དག་ཅིག་རེད། ཕྱོགས་རྐྱང་རིང་ལུགས་ཀྱིས་ཁ་ཕྲལ་དང་ཕྱིར་བཤོལ་ཡོང་རྒྱུ་ལས་མེད་ལ། ཕྱོགས་མང་རིང་ལུགས་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་གདམ་ག་ལྡོག་མེད་ཅིག་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་མཁན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ནས་དེང་སྐབས་འཛམ་གླིང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་ཆེད། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ཕྱི་ལོར་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་ཐེངས་གསུམ་པ་བྱ་རྒྱུ་ཡིན་ལ། ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་ཡོད།

    ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་དཔལ་འབྱོར་གོ་ལ་ཅན་གྱི་རླབས་རྒྱུན་དང་བསྟུན་ནས་བཙུགས་པ་ཞིག་རེད། དེས་ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་སྐུལ་སྤེལ་གཏོང་རྒྱུ་དང་དཔལ་འབྱོར་འཕར་སྣོན་དང་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། ཕྱོགས་ཁག་གིས་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ། གསོན་ཤུགས་དང་མཉེན་ཆ་དེ་བས་ཆེ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཐོག་ནས་འཛམ་གླིང་ལ་བྱས་རྗེས་མངོན་གསལ་དོད་པོ་འཇོག་དགོས་པ་སྟེ།

    གཅིག་ནས་ཞི་བདེ་བརྟན་ལྷིང་ལ་སྣེ་ཁྲིད་ནས་སྲུང་སྐྱོང་བྱེད་དགོས་ཤིང་། རྒྱལ་ཁབ་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་གང་ཞིག་ཡིན་རུང་ཚང་མར་འདྲ་མཉམ་ངང་རྒྱལ་སྤྱིའི་ལས་དོན་ནང་ཞུགས་པའི་དབང་ཆ་ཡོད་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། གླེང་མོལ་དང་གྲོས་མོལ་བྱས་ནས་འགལ་ཟླ་དང་རྩོད་གཞི་སེལ་དགོས།

    གཉིས་ནས་སྒོ་དབྱེ་མཉམ་འདྲེས་སྣེ་ཁྲིད་ནས་བྱེད་དགོས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་དུ་བྱས་པ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་བགྲོད་ཡོང་བར་སྲུང་སྐྱོང་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་ཡོང་ཆེད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    གསུམ་ནས་སྣེ་ཁྲིད་དེ་མཉམ་ལས་གཉིས་ཁེ་མཐའ་འཁྱོངས་བྱེད་དགོས་ཤིང་། བསྟུན་ཡང་གཅིག་མཚུངས་མི་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་དངོས་ཚན་སྣ་མང་རང་བཞིན་ཆེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་འདོན་སྤེལ་གང་ལེགས་བྱེད་པ་དང་། དགེ་མཚན་གསབ་རེས་བྱེད་པར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་བྱེད་རྒྱ་ཐུན་མོང་ཐོག་ཆེ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཁག་གིས་ཕན་ཚུན་གྲུབ་འབྲས་ཐོབ་ཐབས་དང་ཐུན་མོང་འཕེལ་རྒྱས་འགྲོ་བའི་མཉམ་ལས་ཀྱི་རྣམ་པ་ཆགས་པར་བྱེད་དགོས།

    བཞི་ནས་ཀུན་ཕན་བསྟུན་མཁས་ལ་སྣེ་ཁྲིད་ནས་སྐུལ་འདེད་གཏོང་དགོས་ཤིང་། མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཐད་ཀྱི་འགལ་རྐྱེན་སྔར་བས་ལེགས་པར་སེལ་བ་བཅས་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཀྱང་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་མང་རིང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་མཁན་གཙོ་བོ་ཞིག་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཀྲུང་གོའི་དཔལ་འབྱོར་ཆ་སྙོམས་འཕར་ཚད་5.5%ཡས་མས་ཟིན་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་བརྟན་པོ་འཁྱོངས་ཡོད། ཀྲུང་གོ་ནི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་གཉེར་མཁན་དང་འཛམ་གླིང་ཡོངས་ལ་ཁྲོམ་ར་མུ་མཐུད་སྒོ་ཕྱེ་མཁན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འབའ་ཞིག་ཡིན། ཁྲོམ་རའི་བར་མཐོངས་ཆེ་བ་དང་འཚར་ལོངས་ཀྱི་མདུན་ལམ་ཡངས་པས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་ཐུབ་པ་དང་། ཀྲུང་གོས་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱིས་དྲང་གཞག་ངང་འགྲན་རྩོད་དང་འགྲན་རྩོད་ཁྲོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཁག་29བར་ཉུང་དུ་བཏང་བ་དང་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་སུ་གཙང་སེལ་མངོན་འགྱུར་བྱུང་ཡོད། ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པས། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ལྡན་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་མཁོ་འདོན་བྱེད་ཐུབ། ཀྲུང་གོས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་བཅས་བྱས་ཏེ། ལྗང་མདོག་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས་གསར་གཏོད་ཀྱི་སྟོབས་ནུས་དེ་དཔལ་འབྱོར་གྱི་སྒུལ་ཤུགས་སུ་རྒྱུན་མཐུད་སྒྱུར་བཞིན་ཡོད་པས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་གསར་གཏོད་ཀྱི་གར་སྟེགས་ཡངས་པོ་མཁོ་འདོན་བྱེད་ཐུབ། ཀྲུང་གོས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ཁེབས་རྒྱ་ཆེར་གཏོང་བ། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་མ་ལག་ཆེ་ཤོས་དང་། ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཆེ་ཤོས་དང་ཆ་ཚང་ཤོས་བསྐྲུན་པས། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ལྗང་མདོག་མང་དུ་གཏོང་བའི་ཆ་རྐྱེན་མཁོ་འདོན་བྱེད་ཐུབ། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱི་བློ་ལ་འབབ་པ་དང་། བདེ་འཇགས། ཕན་ཡོད་བཅས་ཀྱི་མ་འཇོག་བྱ་ཡུལ་ཡིན། ཀྲུང་གོ་དང་མཉམ་དུ་སྐྱོད་པ་ནི་གོ་སྐབས་དང་མཉམ་དུ་སྐྱོད་པ་ཞིག་ཡིན་ལ། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་འབྱུང་འགྱུར་ལ་ཡིད་ཆེས་བྱེད་པ་དང་ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་ཡིན།

    ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བཟོ་ཚོང་ལས་རིགས་ནི་དུས་རབས་ཀྱི་སྔོན་སྐྱོད་པ་དང་། འཕོ་འགྱུར་གྱི་གསར་གཏོད་པ། རླབས་རྒྱུན་གྱི་སྣེ་ཁྲིད་པ་བཅས་རེད། ཚང་མས་ལམ་བཤངས་ཡར་བརྩོན་དང་། སྒོ་དབྱེ་གསར་གཏོད། ཞུམ་མེད་མདུན་སྐྱོད་བཅས་ཀྱི་ཁེ་ལས་པའི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་སྣོན་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་གི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།