དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོའི་ལེའུ་གསར་བརྩམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-01

    ཟླ་10ཚེས་29ཉིན། “མཛེས་པའི་བོད་ལྗོངས་འཕྲད། གངས་ལྗོངས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཉིང་ཁྲི་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་400ལྷག་ཙམ་གྱིས་རྒྱལ་སྤྱིའི་ཁྱབ་སྤེལ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། བོད་ཀྱི་གཟུགས་བརྙན་གསར་གཏོད། འཕེལ་རྒྱས་ཀྱི་འདུ་ཤེས། ལག་ལེན་གྱི་བྱ་ཐབས་སོགས་མཐོང་སྣེ་ཆེན་པོ་དྲུག་ལ་དམིགས་ནས། དམངས་ཀྱི་བློ་གྲོས་གཅིག་སྡུད་དང་མཉམ་ཤུགས་གཅིག་སྒྲིལ་གྱིས་བོད་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་བསམ་པའི་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

    སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ།

    ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་ལྷོ་རིའི་སྤྱི་གླིང་དུ་འཆམ་འཆམ་ལ་སྐྱོད་པ་དང་། མེ་ལོང་ལྟར་གྱི་མཚེའུ་འགྲམ་དུ་ཕོ་བྲང་པོ་ཏ་ལའི་ལྡོག་གཟུགས་ལ་ལྟ་བ། རིར་འཛེགས་ནས་ལྷ་སའི་ཡུལ་ལྗོངས་ལ་རྒྱང་ལྟ་བཅས་ནི་གྲོང་མི་དང་ཡུལ་སྐོར་བ་ཚོའི་ངེས་པར་མྱོང་རོལ་བྱེད་པའི་བྱ་བར་གྱུར་ཡོད།

    “ལོ་འདི་དག་ནང་། ལྷ་སའི་ཉེ་འགྲམ་གྱི་རི་བོ་སྔོ་འགྱུར་ཐུབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་ཀྱང་སྔར་བས་མང་དུ་སོང་ཡོད”ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་སྐལ་བཟང་ནོར་བུས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དངོས་སུ་ལག་ལེན་བསྟར་ཚུན་ནགས་བཟོ་མུའུ་ཁྲི་110.87བྱས་པ་དང་། ཤིང་སོན་སྡོང་རྐང་དུང་ཕྱུར་1.2ལྷག་ཙམ་བཙུགས་པར་གསོན་ཚད་85%ཡན་ཟིན་ཡོད། ལས་གྲྭ་དེས་སྐྱེ་ཁམས་ལེགས་སུ་བཏང་བ་མ་ཟད། ད་དུང་མང་ཚོགས་མི་ཐེངས་ཁྲི་950ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་འབབ་འཕར་སྒོར་དུང་ཕྱུར་30ལྷག་ཙམ་བྱུང་ཡོད་ཅེས་བཤད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་པོ་བྱེད་པ་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སྤྱི་འདོམས་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བའི་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ནས་ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད་12.31%མཐོ་རུ་ཕྱིན་པ་དང་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་བཀོད་སྒྲིག་བྱས་པས། མི་དམངས་མང་ཚོགས་ཚོར་སྐྱེ་ཁམས་འཛུགས་སྐྱོང་གི་ཕན་པ་ཐོབ་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ཀྱིས་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་ཡུན་མགྱོགས་སུ་བཏང་ཞིང་། 2024ལོར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་བཟུང་ཚད་99%ཡན་ཟིན་ཏེ་ནུས་རྒྱུ་གཙང་མའི་གློག་ཤུགས་མཁོ་སྤྲོད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པས། རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱི་བསྡུར་ཚད་མཐོ་ཤོས་ཀྱི་ས་ཁུལ་དུ་གྱུར་ཡོད་པ་རེད།

    འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།

    ལེགས་རྩེ་འགག་སྒོར་སྐྱོད་སྐབས། མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཚོང་འགྲུལ་པས་ཁེངས་པ་མ་ཟད། ད་དུང་ཟ་ཁང་དང་སྒོ་རྩིས་ཚོང་ཁང་ཡང་མང་པོ་འདུག་ལ། ཚོང་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་རེ་རེ་གོ་རིམ་ལྡན་པའི་ངང་འགག་སྒོ་སྒྲོལ་བཞིན་མཆིས། བོད་ལྗོངས་ཅ་ཡུས་སྒོ་ཁྲལ་སྙན་སེང་དང་ཞིབ་བཤེར་སྙན་སེང་ཚད་ཡོད་ཀུང་སིས་འདི་ལོའི་ཟླ་བ་དགུ་པ་ཁོ་ནར་ལེགས་རྩ་འགག་སྒོ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་1100ལྷག་ཙམ་འགག་སྒྲོལ་བྱས་ཡོད། ཀུང་སིའི་ལས་ཡུལ་དངོས་ཀྱི་འགན་འཁུར་བ་ཀེང་ཆན་ལུང་གིས་འགག་སྒྲོལ་མཉམ་འགུལ་བྱས་རྗེས་འགག་སྒྲོལ་དེ་བས་སྟབས་བདེ་བྱུང་ནས་ཕན་འབྲས་སྔར་བས་མཐོ་རུ་ཕྱིན་ཡོད་ཅེས་བཤད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་21.49ཟིན་པ་དེས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་38.7%བཟུང་ཡོད། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་ནི་གངས་ལྗོངས་ས་མཐོའི“ས་ཁམས་མཐོ་ས”ནས“སྒོ་དབྱེའི་མཐོ་སའི”བར་སྐྱོད་པའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ལོ་ངོ་60ཡི་འཕེལ་རིམ་ཁྲོད་བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་དང་པོ་ཟིན་པར་ལོ་50འགོར་བ་དང་། སྒོར་དུང་ཕྱུར་སྟོང་གཉིས་པ་ཟིན་པར་ལོ་6ལས་འགོར་མེད། དེ་ནི་གངས་ལྗོངས་ས་མཐོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། མཐའ་མཚམས་ཚོང་དོན་ཟོག་འགྲུལ་སོགས་ཐོན་ལས་ཆེན་པོ་དགུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་མཐོའི་དཔལ་འབྱོར་ལེགས་ཕྱོགས་སུ་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཆིག་ས་མཐོའི་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཟབ་པའི་ས་མཐོའི་ཡང་བའི་བཟོ་ལས་ལའང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་བོད་ཀྱི་རང་བརྟེན་ཞིབ་སྤེལ་ཐོན་སྐྱེད་བྱས་པའི“གངས་ལྷ་མེ་ཏོག”དང“སྐལ་བཟང་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་བྲིན་ཁ་རྒྱུག་པ་དང་། རིམ་རྩིས་བརྒྱབ་ན“གངས་ལྷ་མེ་ཏོག”རྟགས་ཅན་གྱི་ས་མཐོའི་ཐབ་ཆས་ཁྲི་120ལྷག་བཙོངས་ཡོད་པ་རེད།

    དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཆ་ཚང་སློབ་ཆུང་གི་དགེ་རྒན་བསྟན་སྒྲོལ་གྱིས། “སྔོན་ཆད་སློབ་མ་ཚོས་ཁ་བཏུམས་ལག་བཏུམས་བྱས་ནས་སློབ་ཚན་འཚོག་པར་ཡོང་བ་དང་སྐབས་རེ་སློབ་མའི་རྐང་པ་དང་ལག་པར་འཁྱགས་སྦོས་ཐེབས་ཀྱི་ཡོད། ན་ནིང་དྲོད་རླངས་བཏང་རྗེས་རྣམ་པ་དེར་འགྱུར་ལྡོག་སོང་ནས་སློབ་མ་ཚོའི་རྐང་པ་དང་ལག་པར་འཁྱགས་སྦོས་ཐེབས་པའི་སེམས་ཁྲལ་ཡོངས་སུ་བསལ་ཏེ་དེ་བས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་ཐུབ”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་བ་བཅུ་པར། མཚོ་ཆེན་རྫོང་གི་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཆོག་འཐུས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་བསྐྲུན་པ་དང་ཆབས་ཅིག་གཉེར་སྐྱོང་ཡང་བྱས་པ་དེ་སློབ་གྲྭ་དང་། སྨན་ཁང་། ཚོང་ཁང་། གྲོང་ཁུལ་གྱི་གྲོང་མིའི་ཐོག་ཁང་བཅས་སྨི་ངོས་གྲུ་ཁྲི་28.6ལ་ཁྱབ་སྟེ། གཅིག་སྡུད་དྲོད་རླངས་མཁོ་འདོན་བརྟན་པོ་ཐུབ་ནས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཡན་རྒྱུན་འཁྱོངས་ཐུབ་ཡོད།

    “ཨ་མ་ལགས། ཁྱེད་རང་གི་ཁྲག་ཤེད་ཏག་ཏག་རེད་འདུག ཁྱེད་ཀྱིས་དུས་ཐོག་ཏུ་སྨན་མཆོད་ནས་ཟ་འཐུང་ལ་དོ་སྣང་བྱེད་དགོས”ཞེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་རིག་ལྡན་ཁྱིམ་སྡོད་ཞབས་ཞུའི་ས་ཚིགས་ཀྱི་སྨན་པ་བཀྲ་ཤིས་སྒྲོལ་མས་བློ་རྩེ་གཅིག་སྒྲིམ་ངང་ལོ་73ལ་སླེབས་པའི་ལྷ་འཛོམས་ལ་ཁྲག་ཤེད་ལྟ་བ་དང་ཆབས་ཅིག་ཁོང་ལ་འཚོ་བའི་ཐད་ཡིད་གཟབ་བྱེད་དགོས་རིགས་མངགས་བྱ་ཟབ་མོས་བཤད།

    “ད་ཆ་ཁྱིམ་གྱི་སྒོ་རྩ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པས་དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་རྒན་མོ་ལྷ་འཛོམས་ཀྱིས་བཤད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱོན་སྤྱི་ཚོགས་བྱ་གཞག་ཁྱབ་ཁོངས་ཀྱི་རྣམ་གྲངས་རིགས་28བཀོད་སྒྲིག་བྱས་ཤིང་། བསྡོམས་མ་དངུལ་སྒོར་དུང་ཕྱུར་246.5བཏང་སྟེ་མང་ཚོགས་ལ་གང་ཞིག་མཁོ་བ་དང་གང་ཞིག་རེ་སྒུག་བྱེད་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། གཞན་ཡང་ད་ལོའི་ལོ་འགོར་སྒོར་དུང་ཕྱུར་148བཏང་ནས་དམངས་འཚོའི་བྱ་བ་དངོས་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པའི་རྨང་གཞིའི་ཐོག་བོད་ཀྱིས་ད་དུང་མང་ཚོགས་ཀྱི་འབབ་འཕར་དང་། རྒན་གསོ་བུ་བཅོལ། སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཚུད་པའི་དམངས་འཚོའི་བྱ་བ་དངོས་ཁག་10མུ་མཐུད་ལག་བསྟར་བྱས་པ་རེད།

    ལོ་ངོ་60ཡི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་དང་པོ་ཟིན་པར་ལོ་52འགོར་བ་དང་། སྒོར་ཁྲི་གཉིས་པ་ཟིན་པར་ལོ་7ལས་འགོར་མེད། 2024ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་55444ཟིན་པ་དང་། ཞིང་འབྲོག་པ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21578ཟིན་པ། དབུལ་སྒྲོལ་མི་འབོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་དུས་མཚུངས་ལས་12.5%ཡན་འཕར་བ་བཅས་རེད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། སློབ་གྲྭ་འབྲིང་ཆུང་ཁག་གཅིག་གསར་སྐྲུན་སོགས་ལས་ཕྲུ་གུ་ཚོས“སློབ་གྲྭར་ཡག་པོ་འགྲོ་ཐུབ་པའི”འགན་ལེན་ཐུབ་པ། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ལུས་རྩལ་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་བསྐྲུན་ནས་སྤྱོད་འགོ་ཚུགས་པ། འོད་ཁྲིད་ཚི་སྐུད་དང་དྲ་ཆེན་སོགས་དམངས་འཚོའི་བྱ་བ་དངོས་རབ་དང་རིམ་པ་དམིགས་སར་འཁྱོལ་བ་བཅས་བྱུང་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས“འཐུང་ཆུ་དཀོན་པ་དང་། གློག་སྤྱོད་མི་འདང་བ། འགྲོ་སྐྱོད་སྟབས་བདེ་མེད་པ། འཕྲིན་གཏོང་ཤར་བགྲོད་མེད་པ”བཅས་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་སྐྱིད་སྣང་དང་སྟབས་བདེའི་དེང་རབས་ཅན་གྱི་འཚོ་བ་སྐྱེལ་ཐུབ་ཡོད་པ་རེད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་10ཚེས་30ཉིན་གྱི་པར་ངོས་བརྒྱད་པ་ནས་བརྒྱུད་འགོད་བྱས་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།