ཕྱོགས་བཞིའི་བློ་གྲོས་གཅིག་སྒྲིལ་འཕེལ་རྒྱས་ཇུས་འགོད་བྱེད། གངས་ལྗོངས་བློ་སེམས་གཅིག་མཐུན་འབྱུང་འགྱུར་མཉམ་དུ་གཏོད།
——2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ།
ཟླ་10ཚེས་29ཉིན། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་ཤིང་། ད་ཐེངས་ཀྱི་གླེང་སྟེགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། རྒྱལ་སྤྱིའི་ཁྱབ་སྤེལ་དང་། བོད་ཀྱི་གཟུགས་བརྙན་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན་གྱི་ཐབས་ལམ་སོགས་ཀྱི་ཐད་ནས་གོ་ལ་ཧྲིལ་པོའི་ཆབ་སྲིད་དང་ཚོང་ལས་རིག་གཞུང་ལས་རིགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས། བོད་ལྗོངས་འཕེལ་རྒྱས་གཏོང་ཆེད་འཛམ་གླིང་དང་བགྲོ་གླེང་གཏིང་ཟབ་བྱེད་པའི་རྩེར་སོན་གྱི་ལས་སྟེགས་ཤིག་བཏོད་ཡོད།
ཚོགས་རའི་ནང་གློག་རྡུལ་བརྙན་ཤེལ་ཆེན་པོའི་ཐོག་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱི་དྲིལ་བསྒྲགས་པར་གཞི་རེས་མོས་ངང་སྟོན་བཞིན་ཡོད་པ་དེས་སྐུ་མགྲོན་ཚོའི་ཡིད་དབང་བཀུག་ཡོད།
“ད་ཐེངས་ནི་ང་ཀྲུང་གོའི་བོད་ལྗོངས་ལ་ཡོང་ཐེངས་གཉིས་པ་ཡིན། འགྱུར་ལྡོག་ཆེན་པོ་ཕྱིན་འདུག རྨང་གཞིའི་སྒྲིག་བཀོད་ཧ་ཅང་འཐུས་སྒོ་ཚང་བ་དང་དེང་རབས་ཅན་གྱི་ཆུ་ཚད་ལ་མི་རྣམས་ཧ་སངས་དགོས་པ་ཞིག་འདུག”ཅེས་ནེ་པ་ལའི་ཨ་ཉི་ཀོ་མཐུན་ཚོགས་ཀྱི་དྲུང་ཆེ་MANOJ MAN SHRESTHAཡིས་མྱོང་ཚོར་ཟབ་མོའི་ངང་བརྗོད་ཅིང་། ཁོང་གིས་མིང་རྟགས་འགོད་དེབ་ཐོག་གཟབ་ནན་ངང་རང་ཉིད་ཀྱི་མིང་བཀོད།
ད་ཐེངས་ཀྱི་གླེང་སྟེགས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་མང་ཡོད་ཅིང་། འགོ་ཚུགས་མཛད་སྒོ་དང་གླེང་སྟེགས་གཙོ་བོ་ཕུད། “ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས”དང་། “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང” “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”བཅས་ཆེད་དོན་གླེང་སྟེགས་གསུམ་དང་བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ་དུས་གཅིག་ཏུ་གཉེར་བ་རེད།
ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཏིང་ལིན་སོགས་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས“ལས་གྲྭ་གལ་ཆེན་གྱིས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱོར་བའི”ཐད་སྤེལ་རེས་གཏིང་ཟབ་བྱས་ཏེ“ལས་གྲྭའི་ཁེ་འབབ”ཇི་ལྟར་བྱས་ནས་རྒྱུན་མཐུད་ཆོག་པའི“ཐོན་ལས་ཕན་འབྲས”སུ་བསྒྱུར་བར་དཔྱད་བསྡུར་བྱས་པ་རེད།
རྒྱལ་ཁབ་མང་པོ་ཞིག་གི་སྐུ་མགྲོན་གྱིས་རྒྱལ་སྤྱིའི་མཐོང་རྒྱ་དང་གོ་ལ་ཧྲིལ་པོ་གཞི་གཅིག་ཅན་གྱི་ཟུར་ཚད་ཐོག་ནས་འཛམ་གླིང་ཡང་རྩེ་སྲུང་སྐྱོང་བྱེད་པའི་ལྗང་མདོག་མཉམ་བཅོས་ཀྱི་ཁ་ཆད་རྒྱས་བཤད་བྱས་པ་རེད།
“རིམ་མཐོའི་སྐད་ཆ་ཤོད་རེས། བོད་ལྗོངས་ཤེས་ཚོར་དང་ཀྲུང་གོ་ཤེས་རྟོགས་བྱེད་པའི”ལྷུ་ཚིགས་སུ་ཤིན་ཀོང་ཁྲེང་དང་། ཀྲང་ཝེ་ཝེ། ཀའོ་ཀྲི་ཁའེ་སོགས་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་ཞིག་གིས་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཞིབ་འཇུག་གི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ནས། བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་ཆེ་རུ་ནུས་ལྡན་གཏོང་བའི་ལག་ལེན་གྱི་ཐབས་ལམ་སྐོར་ལྷུག་གླེང་བྱས་པ་རེད།
ཚོགས་རའི་ནང་ལྟ་བ་གསར་པ་ཟམ་མི་ཆད་པར་ཐོན་པ་དང་ངལ་གསོའི་བར་གསེང་དུའང་སྤེལ་རེས་གཏིང་ཟབ་མུ་མཐུད་བྱེད་བཞིན་ཡོད་པ་རེད།
བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འགྲེམས་གནས་སུ་བོད་ཀྱི་འཐུང་ཆུ་དང་། རང་ཡུལ་གྱི་བོད་སྨན། ས་མཐོའི་ཐབ་ཆས། སྤུས་ལེགས་རིག་གནས་བསམ་བཀོད། མི་མེད་གནམ་གྲུའི་ཚན་རྩལ་སོགས་ཁྱད་ལྡན་འགྲེམས་དངོས་སྣ་ཚོགས་ལས་ཀྲུང་ཕྱིའི་སྐུ་མགྲོན་ཚོའི་ཡིད་དབང་འཕྲོགས་ནས་དེར་ལྟ་བཞིན་འགྲེམས་ཞུགས་འཐུས་མི་དང་སྤེལ་རེས་གཏིང་ཟབ་བྱེད་ཀྱི་ཡོད་པ་རེད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དྲ་ཐོག་ཚོང་དོན་མནའ་འབྲེལ་གྱི་དྲུང་ཆེ་གཞོན་པ་དང་ཧང་ག་རིའི་འཐུས་མི་David Ko—vacsཡིས“ཁྱེད་རང་ཀྲུང་གོའི་བོད་ལྗོངས་སུ་སླེབས་མྱོང་མེད་པ་དང་བོད་ཀྱི་ཁེ་ལས་དང་སྤེལ་རེས་མ་བྱས་ཚེ་བོད་ཀྱི་དམིགས་བསལ་གྱི་ཆ་རྟོགས་ཐབས་བྲལ། དེ་གའི་ལག་ཤེས་ཐོན་རྫས་དང་བོད་སྨན་སོགས་ཐོན་རྫས་ཚང་མར་ཡིད་དབང་འགུག་ནུས་ཆེན་པོ་ལྡན་པས་ཐུན་མོང་མ་ཡིན་པའི་ལེགས་ཆ་ཡག་པོ་སྤྱད་ནས་ཕུལ་བྱུང་སྤུས་རྟགས་ཁྱབ་སྤེལ་བཏང་ཚེ་འཕེལ་རྒྱས་ཧ་ཅང་ཆེན་པོ་ཡོང་ངེས་རེད”ཅེས་བརྗོད་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ལས་རིགས་མང་པོའི“གྲགས་ཅན་མི་སྣའི”ཡིད་དབང་བཀུག་པ་མ་ཟད། ཕྱོགས་མང་དབར་སྐད་ཆ་ཤོད་རེས་དང་བློ་གྲོས་གཅིག་སྡུད་བྱུང་བ་དང་། ཀྲུང་ཕྱིའི་སྐུ་མགྲོན་གྱིས་ས་གནས་ས་ཐོག་ཏུ་བདེན་དཔང་བྱས་པ་བརྒྱུད་ས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་ཉམས་སུ་ལེན་པ། ཀྲུང་ཕྱིའི་དབར་སྔར་བས་འབྲེལ་མཐུད་ཐུབ་ནས་བོད་ཀྱི“གྲོགས་ཚོགས”རྒྱ་ཆེར་སོང་ཡོད་པ་རེད།
གླེང་སྟེགས་ཐོག་བྷོ་ཧེར་དང་ཁེར་གྷི་སི་ཐན་སོགས་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་དེ་བཞིན་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་གདན་འདྲེན་ཞུས་ཡོད་ལ། ལྷག་པར་དུ་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་སྐུ་མགྲོན་མང་པོ་ཞིག་ཐེངས་དང་པོ་གདན་འདྲེན་ཞུས་ནས་འཛམ་གླིང་གིས་དུས་རབས་གསར་པའི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་རྣམ་པ་དངོས་སྔར་བས་རྒྱ་ཁྱབ་ངང་མཐོང་ཐུབ་པ་བྱས་ཡོད་པ་རེད།
ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་དང་ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁང་གི་ཀྲུའུ་རེན་དང་འཐུས་མི་གཅིག་ལྕོགས་ཞ་ཙེ་ཧན་གྱིས“བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནི‘ཕྱོགས་སྒྱུར་ཆེན་པོའི་ལོ་རྒྱུས་སྙན་ངག་ཅིག་རེད། དེ་སྔའི་ཐག་རིང་ཤོས་ཀྱི་ས་ཁུལ་གྱིས་ད་ཆ་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་ནས་ས་བབ་མཐོ་ཤོས་ཀྱི་ལུང་གཞུང་དང་ཐག་རིང་ཤོས་ཀྱི་གྲོང་ཚོ་འབྲེལ་མཐུད་དམ་ཟབ་བྱས་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད་པ་རེད།
གླེང་སྟེགས་མཇུག་འགྲིལ་ཡང་བོད་དང་འཛམ་གླིང་དབར་སྐད་ཆ་ཤོད་རེས་ཀྱི་ལེའུ་གསར་པ་གཞི་ནས་འགོ་ཚུགས་མ་ཐག་ཡིན་ལ། གངས་ལྗོངས་ས་མཐོའི་འབྱུང་འགྱུར་ནི་དེ་བས་རེ་སྒུག་ཀྱང་བྱེད་རིན་ཡོད་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།