དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-01

    ཟླ་10ཚེས་27ཉིན་ནས་ཚེས་30ཉིན་བར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་རིམ་སྤེལ་བྱེད་སྒོ་ཉིང་ཁྲིར་སྤེལ་ཞིང་། གངས་ལྗོངས་ས་མཐོས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། གླེང་སྟེགས་ཀྱིས་རྒྱལ་སྤྱིའི་ཁྱབ་སྤེལ་དང་། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དུས་རབས་ཀྱི་གཞོན་ནུས་ས་མཐོར་འགན་འཁྲི་འཁུར་བ་སོགས་བརྗོད་དོན་གཙོ་བོར་དམིགས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད། རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྨྱན་སྦྱོར་སྣ་ཚོགས་བརྒྱུད་གླེང་སྟེགས་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་པ་རེད། ཚང་མས་ད་རེས་ཀྱི་གླེང་སྟེགས་ཀྱིས་གནས་ཚད་མཐོ་བ་དང་། རིམ་པ་མཐོ་བ། གཞི་རྒྱ་ཆེན་པོ། ཁྱབ་ཁོངས་ཆེན་པོ་བཅས་ཀྱི་ཐོག་ནས། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་སྒོ་དབྱེ་དང་། བསྟུན་མཁས། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་གསར་པ་མངོན་པར་བྱས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོའི་སྙན་སྒྲོན་ནི་དུས་བབ་ཕྱག་གཟིགས་དང་། བསམ་གཞིག་གཏིང་ཟབ་པོ། ནང་དོན་ཕུན་སུམ་ཚོགས་པོ་བཅས་ཡོད་པ་དེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བཤད།

    “རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་མངའ་རིས་ས་ཁུལ་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གླེང་སྟེགས་ཀྱི་དགོངས་དོན་ལག་ལེན་བསྟར་བཞིན་ཡོད་ཅིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པའི་ཁར། སྐྱེ་ཁམས་ལེགས་གཏོང་སྔོན་འཇོག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ཏེ། སྤུས་ཚད་མཐོ་བའི་སྲུང་སྐྱོང་དང་། ཁུལ་ཁོངས་ཡོངས་ཀྱི་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཁུལ་ཁོངས་ཡོངས་ཀྱི་ཁྲིམས་འཛིན་ལྟ་ཞིབ་ཚད་ལེན། སྐྱེ་ཁམས་རིན་ཐང་གཞན་སྒྱུར་བཅས‘མ་ལག་བཞི’གསར་གཏོད་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། སྐྱེ་ཁམས་སླར་གསོ། བཙོག་འབུད་ཉུང་གཏོང་དང་ཐཱན་འབུད་ཉུང་གཏོང་། གཙང་ཆུའི་ཆུ་འགོ་སྲུང་སྐྱོང་སོགས་ཀྱི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་ནས། མངའ་རིས་ཀྱི་སྐྱེ་ཁམས་མ་ལག་ཧྲིལ་པོའི་སྤུས་ཚད་དང་བརྟན་ལྷིང་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་དང་ཆེ་རུ་གཏོང་གི་ཡིན” “གཞན་ཡང‘འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང’གི་ཆེད་དོན་གླེང་སྟེགས་ཐོག་ཚོགས་ཞུགས་སྐུ་མགྲོན་ཚོས་བཏོན་པའི་སྐྱེ་ཁམས་ཀྱི་ཁ་གསབ་ལམ་ལུགས་སྒྱུར་བཅོས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་མཉམ་ལས་སོགས་ཀྱི་གྲོས་འགོས་ང་ཚོར་བསམ་ཕྱོགས་གསར་པ་བཏོན་འདུག ང་ཚོས་གླེང་སྟེགས་ཀྱི་བློ་གྲོས་དེ་སྲུང་སྐྱོང་གི་བྱ་སྤྱོད་ལ་བསྒྱུར་ནས་ས་མཐོའི་སྐྱེ་ཁམས་སྲུང་བཅད་བརྟན་དུ་ཧུར་ཐག་གཏོང་གི་ཡིན”ཞེས་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་པིང་གིས་བཤད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་འཕྲོད་བསྟེན་ཁང་གི་སྨན་པ་དབང་འདུས་ཀྱིས“བརྙན་ལམ་བརྒྱུད། 2025ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ཉམས་ལེན་བྱས་རྗེས་བསྔགས་བརྗོད་ཆེན་པོ་བྱས་པ་མཐོང་དུས་རང་ཉིད་ལའང་གཟི་བརྗིད་ཆེན་པོ་བྱུང་ལ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིན་ཐང་རྒྱུན་ཆད་མེད་པར་སྔོག་འདོན་དང་དང་ལེན་རྒྱ་ཁྱབ་བྱེད་པའི་ཚོར་སྣང་ཞིག་ཀྱང་བྱུང”ཞེས་བཤད་ཅིང་། ཁོང་གིས་ད་ཐེངས་ཀྱི་གླེང་སྟེགས་ལས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་པ་དང་བོད་ཀྱི་གསོ་བ་རིག་པ་དེ་ཉིད་མི་དེ་བས་མང་བས་ཤེས་རྟོགས་དང་། རྒྱུས་ལོན། དགའ་ཞེན་བཅས་བྱུང་ཡོད། སླད་ཕྱིན་གླེང་སྟེགས་ཀྱི་ཁྱབ་སྤེལ་དང་ཤུགས་རྐྱེན་བརྒྱུད་བོད་ཀྱི་གསོ་བ་རིག་པ་ཤེས་རྟོགས་ཐུབ་ཚད་དང་དང་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུའི་རེ་བ་ཡོད་ལ། བོད་ཀྱི་གསོ་བ་རིག་པས་རྒྱལ་ཁབ་ཕྱི་ནང་གི་མང་ཚོགས་དེ་བས་མང་བར་བདེ་ཐང་སྦྱིན་རྒྱུའི་རེ་བའང་ཡོད་ཅེས་བཤད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱ་མཚོ་ཤང་རྒྱ་ཕུ་གྲོང་ཚོའི་ཡུལ་མི་བསོད་ནམས་དོན་གྲུབ་ཀྱི་ཁང་གསོལ་ལ་ཡུལ་མི་ཚོས་དགའ་འཛོམས་བྱས་ནས། ཚོགས་བཞིན་པའི་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་སྐོར་གླེང་བ་རེད།

    “ལོ་འགོར་ས་ཡོམ་བརྒྱབ་རྗེས་ཁང་པ་ཚང་མ་ཞིག་རལ་ཆགས་པ་ནས་ད་ལྟའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་བར། དུས་ཐུང་ཟླ་ཤས་ནང་ང་ཚོ་ཁང་པ་ཡག་པོ་འདི་འདྲ་ཞིག་ནང་སྡོད་རྒྱུ་བྱུང་སོང་། དེ་ནི་བོད་ལྗོངས་འཕེལ་རྒྱས་བྱུང་བའི་མཚོན་ཚུལ་ངོ་མ་ཡིན”ཞེས་བསོད་ནམས་དོན་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད། ཁོང་གི་སྐད་ཆ་དེའང་དེ་གར་བསྡད་པའི་ཡུལ་མི་ཚོའི་ཐུན་མོང་གི་བསམ་འདུན་ཡིན་པས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་མགོ་བོ་ལྕོག་ལྕོག་བྱེད་ཀྱིན་ད་ག་རང་རེད་ཅེས་བཤད།

    དིང་རིའི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། གླེང་སྟེགས་ཐོག་བསྟན་པའི་བོད་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་རྒྱང་རིང་གི་གཏམ་རྒྱུད་ཅིག་མིན་པར་འཚོ་བའི་ཁྲོད་ནས་དངོས་དངོས་རྗེན་རྗེན་དུ་མྱོང་ཚོར་ཐུབ་པའི་བྱ་བ་ངོ་མ་ཞིག་རེད། ཁང་གསོལ་གཏོང་སྐབས་ཇ་བསྲུབས་མའི་དྲི་ཞིམ་གང་སར་འཐུལ་ཞིང་། གློག་འོད་འོག་བོད་བཟོའི་ཁྱིམ་ཆས་ལས་འོད་མདངས་རབ་ཏུ་འཚེར། སྐབས་དེར་རྒྱ་ཕུ་གྲོང་ཚོའི་ཁང་གསོལ་དང་གླེང་སྟེགས་རྒྱལ་ཁའི་ངང་འགོ་ཚུགས་པ་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་གྱུར་ནས་བོད་ལྗོངས་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    “བོད་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་ལམ་བུར་རྒྱལ་ཡོངས་ཀྱི་གཞོན་ནུ་མི་རབས་མང་པོས་འབད་འཐབ་དང་འགན་འཁྲི་འཁུར་བ་མཚོན་ཡོད།‘དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་བྱས་པ་དང་འགན་འཁྲི་འཁུར་བ’ཞེས་པའི་ཆེད་དོན་གླེང་སྟེགས་གཉེར་བ་ལས་ས་མཐོའི་གཞོན་ནུར་ཁས་ལེན་གང་ལེགས་བྱས་པ་མཚོན་ཡོད” “རྒྱལ་ཡོངས་ཀྱི་གཞོན་ནུའི་ལས་གནས་ཀྱི་འཇོན་ཐང་ཅན་ཞིག་ཡིན་པའི་ངས་མཐའ་མཚམས་སུ་གཞི་ཚུགས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགན་འཁུར་བར་བརྩོན་ལེན་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་གྱིས་རྒྱལ་ཁབ་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ལས་ཡུན་ལ་དམ་འཛིན་དང་། འཕེལ་རིམ་མགྱོགས་གཏོང་། མྱུར་ཚད་མགྱོགས་གཏོང་བཅས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྤུས་ལེགས་དང་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་ཐུབ་པའི་འགན་ལེན་གྱིས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་ལྷ་ས་གཙང་འགྲམ་ལམ་རྣམ་གྲངས་ཀྱི་ཅིང་ལི་ཝུའུ་ཅིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།